བོད་དོན་སྲིད་བྱུས་ལ་འགྱུར་ཡོད་དམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༧ ཕྱི་ལོ་ ༢༠༡༣/༧/༡༧
བོད་ཡུལ་རྒྱ་དམར་དྲག་གཞུང་གིས་དབང་བསྒྱུར་བྱས་ནས་མི་ལོ་ལྔ་བཅུ་ལྷག་སོང་ཡོད་པ་དང། རྒྱ་ནག་རྒྱལ་ཁབ་ཁྱོན་ཡོངས་ཀྱི་དཔལ་འབྱོར་སོགས་ཀྱི་གནས་བབས་ཀྱང་སྔོན་དང་བསྡུར་ན་ཡར་རྒྱས་སུ་ཡོད། དེ་མཚུངས་བོད་ནང་དུའང་དཔལ་འབྱོར་གྱི་གནས་བབས་སྔོན་དང་མི་འདྲ་བར་ཟ་བཏུང་གི་ཐོག་ནས་དཀའ་ངལ་མེད་པ་ཞིག་ཏུ་གྱུར་ཟིན་ཡང་།
རང་དབང་གི་ཁོར་ཡུག་ཐོག་ནས་བཤད་ན་ད་དུང་འགྱུར་བ་ཆེན་པོ་སོང་མེད་པར་རང་སོར་གནས་ཡོད། ད་ལྟའི་ཆར་ཁམས་སྨད་ཕྱོགས་དང་ཨ་མདོའི་མི་ཞིག་ལྷ་སར་གནས་སྐོར་དུ་འགྲོ་བའི་སྐབས་ཀྱང་ས་གནས་ཀྱི་ཡུལ་ཚོ་དང་རྫོང་སོགས་ནས་ཡིག་ཆ་མི་འདྲ་བ་མང་པོ་ཞིག་ལེན་དགོས་པ་དང། དེ་ཡང་རག་རྒྱུ་ཧ་ཅང་ཁག་པོ་བཟོས་ཡོད་འདུག ཡིག་ཆ་དེ་མེད་ན་གཏན་ནས་མི་གཏོང་བར་རང་སར་ལོག་བཅུག་པ་དང། རེ་ཟུང་འཛིན་བཟུང་བྱས་པའི་གནས་ཚུལ་ཡང་ཡོད་འདུག། གཞི་རིམ་འགྲོ་འདུག་གི་རང་དབང་ཙམ་ཡང་མེད་ཀྱང། ད་དུང་རྒྱ་གཞུང་གིས་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་ཚུལ་བསྒྲགས་བཞིན་འདུག
གནད་དོན་འདི་ཚོ་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད་ལ། ཕྱི་རྒྱལ་གྱི་དཔོན་རིགས་རེ་ཟུང་ཙམ་བོད་དུ་གཟིགས་སྐོར་ལ་བསྐྱོད་པའི་སྐབས་ཉེན་རྟོག་པ་དང་དམག་མི་ཚོས་བོད་ཆས་སྤྲས་ནས་མི་མང་དཀྱུས་མ་འཁྲབ་ཏུ་བཅུག་པ་དང། ནམ་རྒྱུན་གཞུང་ལ་སྤྲེལ་ལད་བཤད་མཁན་གྱི་མི་ཚང་རེ་ཟུང་དུ་གཞུང་གིས་གྲ་སྒྲིག་བྱས་ནས་གཟིགས་སྐོར་བྱེད་དུ་འཇུག་པ། བོད་ནང་གི་བོད་མི་དཀྱུས་མ་ཚོའི་གདོང་རིས་ཙམ་ཡང་མཐོང་ཐུབ་ཐབས་མེད་པས། ཕྱི་རྒྱལ་དཔོན་རིགས་རྣམས་བོད་ནང་གཟིགས་སྐོར་དུ་བསྐྱོད་པ་དེ་ཡང་དོན་དམ་པར་གློག་བརྙན་འཁྲབ་པ་དང་གཅིག་མཚུངས་ཡིན་པ་ལས། དངོས་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་གཏན་ནས་ཐུབ་ཀྱི་མེད། ཉེ་ཆར་ཁམས་རྟའུ་ཁུལ་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་རྒྱ་གཞུང་གིས་བོད་རིགས་མི་མང་ལ་མེ་མདའ་གང་བྱུང་དུ་བརྒྱབ་པའི་གནས་ཚུལ་འདི་ལྟ་བུ་ཡང་རྒྱུན་ལྡན་དུ་གྱུར་ཡོད།
ད་ལྟ་བོད་ནང་དུ་རང་དབང་གི་ཆེད་དུ་སྐད་འབོད་ཚིག་གཅིག་བརྒྱབ་པ་དང། བོད་རིགས་ནང་ཁུལ་དུ་དམར་གསོད་བཏང་བ་གཉིས་ལ་རྒྱ་དམར་དྲག་གཞུང་གིས་ཁྲིམས་ཐག་གཅོད་སྐབས་རང་དབང་ཆེད་སྐད་འབོད་ཙམ་རྒྱག་མཁན་དེ་ལ་ཁྲིམས་ཆད་ཧ་ཅང་ལྕི་བ་དང། བོད་མི་ནང་གསོད་བྱེད་མཁན་དེ་ལ་ཁྲིམས་ཆད་ཧ་ཅང་ཡང་བ་མ་ཟད། ལྟག་སྒོ་ཡོད་མཁན་ཁ་ཤས་ལ་ཁྲིམས་ཆད་གཏན་ནས་མ་རག་པའི་གནས་ཚུལ་ཡང་བོད་པའི་ས་ཕྱོགས་གང་སར་མཐོང་རྒྱུ་ཡོད། དེ་ལྟ་བུའི་སྲིད་བྱུས་དེ་དག་ད་དུང་མུ་མཐུད་དུ་གནས་ཡོད་པ་ནི། རྒྱ་དམར་དྲག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱི་གདོང་རིས་ངོ་མ་དེ་ཡིན་པ་དང། མདོར་ན་བོད་མི་རིགས་ནི་དུས་ནམ་ཡང་མིང་ཙམ་ལས་དོན་གྱིས་མེད་པ་ཞིག་བཟོ་རྒྱུ་དེ་རྒྱ་གཞུང་གི་ཕུགས་ཀྱི་དམིགས་ཡུལ་དང་སྲིད་བྱུས་ཡིན་པ་ཧ་ཅང་གསལ་པོ་རེད།
ད་ལྟའི་ཆར་བོད་ནང་དུ་ཟས་གོས་འཚོལ་སྒྲུབ་ཙམ་ལ་རང་དབང་ཡོད་ཀྱང། དེ་ནི་དོན་དམ་གྱི་རང་དབང་མ་ཡིན་པར་གཙོ་ཆེ་བ་བོད་པའི་ཆོས་དད་རང་དབང་དང། རིག་གནས་སྲུང་སྐྱོབ་ཀྱི་རང་དབང། གཏམ་བརྗོད་ཀྱི་རང་དབང། འགྲོ་འདུག་གི་རང་དབང་སོགས་གཞི་རིམ་གྱི་རང་དབང་གང་མང་ཞིག་རྒྱ་དམར་དྲག་གཞུང་གིས་བཙན་འཕྲོག་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་བོད་པའི་དགོན་སྡེ་སྤྱི་དང་གཙོ་བོ་དབུས་ཁུལ་གྱི་དགོན་སྡེ་ཁག་གི་ལྷ་ཁང་ནང་དུ་དམར་ཕྱོགས་ཀྱི་དཔོན་རིགས་མའོ་དང་ཏིང། ཅང། ཧུའུ་སོགས་ཀྱི་མགོ་པར་བཤམས་བཅུག་པ་འདི་ལྟ་བུ་ནི་ཆོས་དད་མི་མང་གི་བསམ་བློ་ལ་ཆེད་དུ་ཕོག་ཐུག་བཏང་བ་ཞིག་ཡིན་པ་མ་ཟད། བོད་པའི་ཆོས་དང་རིག་གནས་དང་དེ་འཛིན་གྱི་སྐྱེས་བུ་ཡོངས་ལ་ཆེད་དུ་མཐོང་ཆུང་བྱས་པ་ཞིག་ཏུའང་གྱུར་ཡོད།
གནས་སྟངས་དེ་ལྟ་བུ་ཞིག་ཡིན་བཞིན་དུ་བཙན་བྱོལ་ཁྲོད་ཀྱི་བོད་པ་མང་པོ་ཞིག་གིས་རེ་བ་ཆེན་པོ་ཞིག་བརྒྱབ་ཡོད་པ་མ་ཟད། དུས་ཚོད་ཐུང་ཐུང་ཟླ་བ་ལྔ་དྲུག་ཅིག་གི་ནང་དུ་འགྱུར་བ་ཆེན་པོ་ཡོང་རྒྱུ་ཡིན་ཚུལ་བརྗོད་པ་ཚང་མའི་སེམས་ནང་དུ་ཡོད། དོན་དངོས་བོད་པའི་གཏམ་དཔེ་རྙིང་པ་“བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས”ཞེས་པའི་གནས་སྟངས་དེ་ད་དུང་བོད་པའི་སྤྱི་ཚོགས་ནང་དུ་གནས་ཡོད་པ་མ་ཟད། རྒྱའི་སྤྱི་ཚོགས་ནང་དུའང་རང་སོར་གནས་ཡོད། རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་གསར་པ་སླེབས་པའི་རྗེས་སུ་བོད་ནང་གི་སྲིད་བྱུས་འགྱུར་བ་འགྲོ་ཡིི་རེད་ཟེར་བ་དང། ད་ལྟ་ནས་འགྱུར་བ་འགྲོ་རྒྱུའི་འགོ་བཙུགས་འདུག་ཅེས་ཤོད་མཁན་མང་པོ་བྱུང་སོང་ཡང། དོན་དུ་ཁམས་རྟའུ་རུ་འཁྲུངས་སྐར་སྲུང་བརྩི་ཞུ་བའི་སྐབས་སུ་བྱུང་བའི་གནས་ཚུལ་དེ་དངོས་ཡོད་རེད།
ད་དུང་ཁམས་སྡེ་དགེའི་ས་ཆ་སྐམ་ཐོག་གྲུ་ཁ་ནས་དབུས་གཙང་ལ་གནས་སྐོར་དུ་འགྲོ་མཁན་བོད་མི་ལམ་ཡིག་མེད་མཁན་ཕྱིར་ལོག་དང་འཛིན་བཟུང་བྱས་པའི་གྲངས་ཀ་ནི། ཉི་མ་རེ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག ད་བར་བོད་རྒྱ་ཞི་མོལ་བྱེད་ཡུལ་གྱི་མི་སྣ་ཀྲུའུ་ཝེ་ཆོན་གྱིས་སླར་ཡང་བོད་དོན་ལ་འཁྱོག་བཤད་བྱེད་མགོ་བཙུགས་སོང་བས། རྒྱ་གཞུང་གི་དཔོན་རིགས་གསར་པ་ཚོས་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུའི་རེ་བ་རྒྱག་ཡུལ་ཞིག་ལྷག་ཡོད་མེད་ཀྱང། ཕལ་ཆེར་གསལ་པོ་ཆགས་ཡོང་གི་འདུག འོན་ཀྱང་བཙན་བྱོལ་ནང་ནང་ཁུལ་དུ་སྣང་བར་མི་འགྲོ་བའི་རིགས་ལ་ལྟ་གྲུབ་ཀྱི་ཚོན་མདོག་བྱུགས་ནས་འཁྲུག་རྩོད་བྱ་རྒྱུ་ཁོ་ནར་མགོ་འཁོར་འདུག་པས། ད་དུང་མུ་མཐུད་དུ་གནས་སྟངས་འདི་མུར་གནས་ན་རྒྱ་གཞུང་ལ་དགོས་པ་དེ་བཙན་བྱོལ་ནང་ནས་སྒྲུབ་བཞིན་འདུག་པས། མདོར་ན་བོད་དོན་དེ་སྐྱ་ཟད་སྔོ་རྡུགས་ཀྱི་དུས་ཚོད་ཅིག་ཏུ་གྱུར་འདུག་སྙམ།།