བོད་མི་ཁག་ཅིག་ལ་ཁྲིམས་ཆད།

རྒྱ་གཞུང་གིས་ཉེ་ཆར་བོད་མདོ་སྨད་མགོ་ལོག་པདྨ་རྫོང་དུ་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་སྲེག་དང་འབྲེལ་བའི་ཉེས་མིང་འོག བོད་མི་ཁག་ཅིག་ལ་ལོ་༡༠ ནས་གཅིག་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༣ ཉིན་མགོ་ལོག་པདྨ་རྫོང་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་བློ་བཟང་དགེ་འདུན་གྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་རྗེས། ས་གནས་མང་ཚོགས་བརྒྱུགས་ནས་ཁོང་གི་ཕུང་པོ་ཉེན་རྟོག་པ་དང་དམག་མིའི་ལག་ཏུ་ཤོར་དུ་མ་བཅུག་པར་རང་དགོན་དུ་གདན་འདྲེན་ཞུས་ཡོད་པ་དང་།

ཉེ་ཆར་གསར་དུ་གནས་ཚུལ་ཐོན་གསལ་ལྟར་ན། ཟི་ལིང་དུ་ཡོད་པའི་རྒྱ་གཞུང་གི་ཁྲིམས་ཁང་ཞིག་ནས་གྲྭ་བློ་བཟང་དགེ་འདུན་ལགས་ཀྱི་རང་ལུས་མེར་སྲེག་བཏང་རྗེས། ཁོང་གི་ཕུང་པོ་ནང་མིར་ཕྱིར་སྤྲོད་དགོས་པའི་ངོ་རྒོལ་སྐད་འབོད་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་མགོ་ལོག་པདྨ་རྫོང་ཡར་ཐང་ཤང་ནས་ཡིན་པ་རང་ལོ་༥༡ སོན་པ་རྡོབ་ཕྲུག་ལ་ལོ་༡༠ ཡི་དུས་བཀག་བཙོན་འཇུག་དང་། པདྨ་རྫོང་ནས་ཡིན་པ་རང་ལོ་༤༠ སོན་པ་དབུ་རྒྱན་རྡོ་རྗེར་ལོ་༡ དང་ཟླ་༩ གི་དུས་བཀག་བཙོན་འཇུག དེ་བཞིན་པདྨ་རྫོང་རྡོ་གོང་མ་ཤང་ནས་ཡིན་པ་ཆོས་སྐྱབས་ལ་ལོ་༡ དང་ཟླ་༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག