༄༅།། ཕངས་སེམས་ཁྲོད་ཀྱི་འགྱོད་གདུང་།

༄༅།།  ཕངས་སེམས་ཁྲོད་ཀྱི་འགྱོད་གདུང་།

ཞི་བསིལ་ཕན་བདེའི་ཁང་བཟང་ས་ལ་བསྙིལ།།

ཞི་བདེའི་དྲོད་ཁོལ་ཞིང་ནས་ཐོལ་གྱིས་ཡལ།།

གསེར་མདོག་འོད་སྣང་ཞིང་ནས་རྒྱང་དུ་གྱེས།།

ངུར་སྨྱུག་གོས་བཟང་ཁུག་ནས་འཕུར་དེ་སོང་།།

ལོ་ཟླའི་འཁོར་བསྐྱོད་དུ་མའི་སྣེ་མོ་ནས།།

བརྩོན་འཆད་རྩོམ་པའི་སྐུ་ཚེ་ཕྱེད་ཀ་འདས།།

ལས་དབང་བཙན་པོ་འདི་ཡི་ཁུགས་སོ་ནས།།

བདབས་ཀ་གཞན་ཞིག་བརྒྱུད་ནས་གང་དུ་ཕེབས།།

རྩོམ་ཡིག་ཐུང་ཐུང་ཞིག་་གི་ངོ་ཁ་ནས།།

གསར་འགྱུར་གསར་པས་སེམས་ཀྱི་ལྷིང་འཇགས་དཀྲོགས།།

བློ་ཕམ་ཚད་ལས་འདས་པའི་གདུང་བ་རེ།།

ཤིང་ལོའི་ལོ་མ་བཞིན་ཏུ་སེམས་སུ་འཐོར།།

རེ་བ་ཆེན་པོ་ཞིག་གི་ཁུགས་སོ་ན།།

ཁྱེད་ལ་བཅངས་པའི་དད་གདུང་རིང་མོ་ཞིག།།

དེ་རིང་ནག་པའི་སྒྲིབ་པས་གསར་འགྱུར་དེས།།

གསེར་སྨྱོན་སེམས་པ་གཙང་བོའི་གཞུང་ལ་བསྐྱལ།།

བསྟན་ལ་ཆག་སྒོ་བྱུང་བའི་ཕངས་སེམས་དང་།།

དགེ་བའི་བཤིས་གཉེན་དུ་མའི་བརྩེ་སྐྱོང་སོགས།།

གྲོག་ཆུའི་གཞུང་ལ་བཏབས་པས་ཡུལ་ཤུལ་བུ།།

ཁོ་བོའི་སེམས་སུ་ལྷུང་བའི་ཕངས་སེམས་ལྕི།།

གཏན་གྱི་ཕུགས་བསམ་འཚོལ་སའི་སློབ་གླིང་ནས།།

སྐུ་ཚེ་ཕྱེད་ཀ་ཐོས་བསམ་གཞུང་ལ་བསྐྱར་།།

གློ་བུར་བདུད་མོས་བར་ཆད་བྱེད་པ་དེས།།

བརྗེད་མེད་ན་ཟུག་དམར་པོའི་ཞེ་འཁོན་བསླངས།།

འགྱོད་གདུང་དྲག་ཏུ་འཕྱུར་བའི་མཚོ་ངོགས་སུ།།

ཕངས་སེམས་དམར་པོའི་ཚོར་སྣང་སེམས་སུ་བྲིས།།

 ཟས་བཅས་ཚོར་འདུ་འདི་ཡིས་བསླུས་བསླུས་ནས།།

སྙིང་པོ་མེད་པའི་འཇིག་རྟེན་སེམས་སུ་ལྷུང་།།

གྲར་ངར་གསེབ་ནས་འདས་སོང་སེམས་སུ་འཁྱིལ།།

ཡིད་ཀྱི་སྐྱོ་སྣང་རྡ་སའི་རི་ལ་སྤར།།

སྙིགས་ལྔའི་མུན་པ་བསྟན་པའི་དཔུང་ལ་ལྡང་།།

སྐྱོ་ལ་དུངས་པའི་མིག་ཆུའི་ཤག་སྒྲ་རིང་།།

སྐུ་ཉིད་སྦྱང་བརྩོན་ལྡན་པས་ན།།

བསྟན་སྲིད་གཉིས་ཀྱི་སྙིང་དོན་ལ།།

ལྷག་བསམ་གཙང་མས་ཞབས་ཞུ་དེ།།

བརྗེད་མེད་ཐུགས་ཀྱིས་གནང་རོགས་མཛོད།།

བདག་ནི་ས་མཐའི་གྲུ་ཟུར་ན།།

དད་གདུང་བརྩེ་བ་རྣོ་པོ་དེ།།

བླ་རུང་ཆོས་ཀྱི་ཞིང་དུ་གཏད།

རྨི་ལམ་ཞིང་ན་རེ་ཞིང་སྒུག།

དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་ཀྱིས་

ཡིད་ཀྱི་སྐྱོ་སྣང་སེམས་སུ་གདུ་སྐབས་བཞུགས་སྒར་ཧི་མ་ལ་ཡི་

 

རི་འདབས་ནས་སུག་བྲིས་བགྱིས་སོ།།  ༢༠༡༣   ༧  ༡༣