༄༅།། མུན་ནག་གི་རྣམ་ཤེས་ཁྲོད་ནས་དཔའ་བོ་ཞིག།

༄༅།།  མུན་ནག་གི་རྣམ་ཤེས་ཁྲོད་ནས་དཔའ་བོ་ཞིག།

ལུས་ཟུངས་སུ་མེ་ལྕེ་འུར་འུར་འབར་བའི་དཔའ་བོ་ཞིག་་་་་་་་་་

ན་ཟུག་གི་འཕག་འཚག་སེམས་ཁོང་ན་འབར་བའི་ཡ་མེད་ཞིག་་་་་་་་

བསམ་ཡུལ་ལས་འདས་པའི་ཕོ་རྒོད་དར་མ་ཞིག་་་་

ལག་དམར་ཚང་གི་ལྡུམ་ར་ན་འཕག་འཚག་གིས་དཔའ་སྐད་ངོམ་བཞིན་་་་་་

མི་ཡུལ་ལ་ཤུགས་རིང་གིས་གདུང་དབྱངས་སྤར་་་་་་་

རྐང་ཆག་དང་ལག་ཆག་མང་པོའི་ལུས་ཟུངས་རྨ་ཁའི་བགང་་་་་་་་

བཙོན་ཁང་དང་མུན་ཁྲོད་ཀྱི་འོབས་སུ་ཕོ་རྒོད་མང་པོའི་རོ་ཕུང་གིས་གང་་་་་་་

རྣམ་ཤེས་གྲངས་མང་གིས་གངས་རིའི་ལས་དབང་ལ་འུར་ཟིང་གིས་དུང་བ་སྐྲུན་་་་་་་་་་

ཤི་གསོན་་གྱི་མཁུན་ངག་ཤབ་ཤུབ་རེ་རེ་ཤ་གསེང་ནས་རུང་གསེང་ལ་མཆེད་ཀྱིན་་་་་་་

རང་དབང་བསྒྱེལ་བའི་གཏམ་རྒྱུད་ཤི་བོ་རེ་མིག་ལམ་ན་ལྷུང་བཞིན་་་་་་་་་་་་་

ཉི་མའི་གྲོང་ཁྱེར་གྱི་བྱ་ཁྱུ་ཚོའི་ཅག་ཅག་སྐད་ཅོལ་གངས་རིའི་ངོ་ཁ་ལ་སྤར་་་་་་་་་

རླུང་ནག་གྲངས་མེད་ཀྱི་འཚུབ་སྐོར་ངའི་རྒྱབ་རི་ལ་ཡང་ཡང་ལྡང་་་་་་་་་་་་་་་་་

གྲི་རྩེད་དང་མེ་མདའི་སོ་ཁ་ན་རང་དབང་དུས་རླུང་གིས་ཁུར་་་་་་་་་་

འཚོ་སྡོད་བྱེད་ས་ཁྲག་མཚོ་དང་མེ་རྒྱོག་གིས་ཁྱབ་་་་་་་

གནའ་བོ་སྲོལ་རྒྱུན་གྱི་རྡོ་རིང་འཐོར་གྱིན་རླུང་རྟ་ཆག་གྱིན་་་་་་་་་་་་་

དཀའ་སྡུག་གིས་མནར་བའི་སྤུན་ཟླ་མང་པོའི་ཤུལ་ལམ་ནག་བསུབས་བྱས་་་་་་

མུན་ནག་གི་ཧྲག་བར་ན་དཀར་མེ་བཟུང་བའི་དཔའ་བོ་ཞིག་གི་སྣང་བརྙན་མཐོང་་་་་་་་་་་

འཁྱག་རོམས་མཐོན་པོའི་འཕྲེད་ངོགས་སུ་འོད་སྣང་གིས་རྐང་ལམ་འཚོལ་གྱིན་་་་་་་་་་་་་

ཀྱག་ཀྱོག་གི་འཕྲེད་ལམ་གྲངས་མེད་ལ་གདོང་མཆོང་བྱེད་བཞིན་་་་་་་་་

མི་རབས་རེ་རེས་ལོ་རྒྱུས་གླེང་གིན་མདུན་ལྗོངས་སུ་ཁ་ཕྱོགས་འཚོལ་གྱིན་་་་་་་་་་་་་་་

བུ་རབས་ཚ་རྒྱུད་ཀྱི་རུས་རྐང་འཚོལ་གྱིན་ཕུགས་བསམ་གྱིས་བདེན་དོན་གླེང་གིན་་་་་་་་་

ཕྱོགས་ལྷུང་བྲལ་བའི་དྲི་མེད་ཀྱི་ཁ་བྱང་གངས་རི་ལ་གནང་མྱོང་མེད་་་་་་་་་་་

དམའ་འབེབས་དང་མཉེས་བཅོས་ཀྱིས་རྨ་ཁ་ང་ཚོའི་རུས་གསེང་ནས་ནམ་ཡང་ཆད་མྱོང་མེད་་་་་་་་་་་་་

ཆེ་མཐོངས་དང་དངོས་དོན་གྱི་ཐོབ་ཐང་གཏོར་བའི་འུག་ཁྱུ་ཚོས་་་་་་་་་་་་་་་་་

ང་ཚོའི་ཕུགས་བསམ་དང་རང་དབང་མུན་ནག་གིས་འོབས་སུ་སྦས་་་་་་་་་་་་་་་་་་་་་་་

དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་ཀྱིས་

 

བོད་ཀྱི་གླུ་གར་ཚོགས་པའི་ཉེ་འཁྲིས་སུ་སུག་བྲིས་བགྱིས་སོ།   ༢༠༡༣   ༧  ༦