༄༅།། ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་གྱི་སྙན་ངག།
༄༅།། ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་གྱི་སྙན་ངག།
བྷང་ལོར་གྱི་གྲོང་ཁྱེར་ཆེན་མོ།།
མི་ཚོགས་ཀྱི་འཚང་ཁ་ཤིག་ཤིག།
གླ་འཁོར་དང་མེ་འཁོར་འུར་སྒྲ།།
གནམ་ས་འདི་བགད་ལ་ཁད་རེད།།
ཟ་ཁང་དང་ཚོང་ཁང་གྲངས་མེད།།
དྭངས་རབས་ཀྱི་ཡོ་ཆས་སྣ་མང་།།
དོང་ཟམ་དང་གྲོང་བརྡལ་ནང་དུ།།
ཁྲ་ཁྲ་དང་ཤིག་ཤིག་བགོད་འདུག།
དབུལ་ཕྱུག་གྱི་ཁྱད་པར་རེ་རེ།།
མངོན་སུམ་ལ་ཐད་ཀར་སྣང་སྐབས།།
དབུལ་ཕྱུག་གྱི་གྲོང་ཁྱེར་བྷང་ལོར།།
འགྱུར་ལྡོག་གྱི་ཁྲོད་ན་རྒྱུ་འདུག།
གནའ་དེང་གི་རིག་གཞུང་མཇལ་ས།།
ཚ་གདུང་གི་ལུས་ཟུངས་བཞུ་ས།།
འགྲན་རྩོད་ཀྱི་གཡུལ་ས་ཆེན་མོ།།
སྙན་གྲགས་ཀྱི་བྷང་བོར་གྲོང་ཁྱེར།།
སྲོལ་རྒྱུན་གྱི་བཟོ་སྐྲུན་མང་ས།།
དེང་རབས་ཀྱི་རིག་གསར་མྱུར་ས།།
བྷང་ལོར་གྱི་ཁྱིམ་གཞིས་སྣ་མང་།།
སེམས་ཁོང་ན་ཡང་ཡང་བཀྱགས་འདུག།
ཆོས་ལུགས་ཀྱི་ཕྱོགས་འཐེན་འཁྲིགས་ས།།
སེམས་ཁམས་སུ་རྨ་ཁ་བཟོ་ས།།
ལྷོ་ཕྱོགས་ཀྱི་གྲུ་ཟུར་ཞིག་ན།།
བྷང་ལོར་གྱི་གྲོང་ཁྱེར་ཁྲོ་འདུག།
ཁེར་རྐྱང་གི་འབྲོང་སྨྱོན་བུ་ང་།།
མཚན་ལྗོངས་ཀྱི་གློག་འོད་ངོགས་སུ།།
བྷང་ལོར་གྱི་འདུ་འཛོམས་སྣ་མང་།།
མིག་ལམ་ལ་ཡང་ཡང་བྲིས་སོང་།།
མཐའ་མེད་ཀྱི་བྷང་ལོར་གྲོང་ཁྱེར།།
གློག་འོད་ཀྱི་གར་སྟེགས་ངོགས་སུ།།
མཛེས་སྡུག་གི་ལང་ཚོའི་ཁྲོད་ན།།
ཁ་ཕྱོགས་ཀྱི་རེ་སྒུག་རྒས་སོང་།།
འདུར་རྒྱུགས་དང་འུར་ཟིང་ཀློང་ན།།
འགྲན་རྕོད་དང་ཐོབ་ཐང་གླེང་བཞིན།།
ཁྲ་ཆེམ་གྱི་བྷང་ལོར་ཞིང་ཆེན།།
མི་ཚེ་ཡི་སྙིང་དོན་གང་ངམ།།
བྷང་ལོར་གྱི་གྲོང་ཁྱེར་མཇལ་སོང་།།
མི་ཚོགས་ཀྱི་རེ་འདོད་རྟོགས་སོང་།།
དཀར་གསལ་གྱི་གློག་སྒྲོན་ངོགས་སུ།།
བྷང་ལོར་གྱི་བྲོ་བ་མྱངས་སོང་།།
དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་ཀྱིས
་ལྷོ་ཕྱོགས་བྷང་ལོར་ནས་སུག་བྲིས་བགྱིས་སོ།། ༢༠༡༣ ༥ ༡༨