པེ་ཅིང་དུ་བསྟུན་མར་དྲག་པོའི་དོན་རྐྱེན་ཐེངས་ཁ་ཤས་བྱུང་བ།

ཟླ་འདིའི་ཕྱི་ཚེས་༢༠ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་རང་ཤི་བརྒྱབ་པའི་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་ཉིན་ཤས་སོང་བའི་རྗེས། པེ་ཅིང་ལ་བསྐྱར་དུ་དྲག་པོའི་དོན་རྐྱེན་ཐེངས་ཁ་ཤས་ཤིག་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་༡༡ དང་སྐར་མ་༤༠ ཡས་མས་སུ། པེ་ཅིང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཁྲོམ་ར་ཞིག་གི་ཉེ་འཁོར་ལ་ལག་ཏུ་གྲི་ཐོགས་པའི་སྐྱེས་པ་ཞིག་གིས་ལམ་འགྲོ་བ་རྣམས་ལ་གང་བྱུང་དུ་གྲིས་བརྒྱབས་ཏེ། ཉུང་མཐར་མི་༤ ཙམ་ལ་རྨས་སྐྱོན་བཟོས་ཡོད་པ་རེད། དེའི་ཁྲོད་ཀྱི་བུད་མེད་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་མྱུར་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་གྱུར་ཡོད་འདུག་པ་དང་། རྨས་མའི་ནང་གི་ཆུང་ཤོས་དེ་ལོ་ན་གཉིས་དང་ཕྱེད་ལས་ཟིན་མེད་པའི་བྱིས་པ་བུ་ཆུང་ཆུང་ཞིག་ཡིན་འདུག་ཅིང་། ཁོང་གི་གཟུགས་པོའི་རྒྱབ་ཕྱོགས་ནས་གྲིས་ཐེངས་མང་བཙུགས་ཏེ་རྒྱུ་མ་བཅད་ཡོད་འདུག་ཀྱང་། ད་ལྟའི་ཆར་པེ་ཅིང་གི་སྨན་ཁང་ཞིག་ཏུ་བཤའ་བཅོས་བྱས་ཏེ་གནས་སྟངས་ཛ་དྲག་ཆགས་མེད་པ་རེད།

རྒྱ་ནག་པེ་ཅིང་གི་ཉེན་རྟོག་པས་འགྲེལ་བརྗོད་བྱས་པ་ལྟར་ན། ས་ཆ་དེ་ག་ནས་འཇུ་བཟུང་བྱས་པའི་ཉེས་ཅན་པ་རུས་མིང་ཝང་ཅན་ནི་སེམས་ལ་ན་ཚ་ཡོད་མཁན་ཞིག་ཡིན་པ་དང་། ད་ལོའི་ཕྱི་ཟླ་དང་པོའི་ནང་སྨན་ཁང་ནས་ཕྱིར་ཐོན་ཡོད་པ་ཞིག་ཡིན་འདུག རུས་མིང་ཝང་ཅན་གྱི་སྐྱེས་པ་དེ་རེས་གཟའ་ཟླ་བའི་ཉིན་མེ་འཁོར་བརྒྱུད་དེ་པེ་ཅིང་དུ་སླེབས་ཡོད་པ་དང་། པེ་ཅིང་དུ་འབྱོར་མ་ཐག་ཁྲོམ་ར་དེར་སོང་ནས་གྲི་ཉོས་རྗེས། ཁྲོམ་རར་ཅ་ལག་ཉོ་མཁན་རྣམས་ལ་གང་བྱུང་དུ་གྲིས་བརྒྱབས་ཡོད་པ་རེད་འདུག

གཞན་ཡང་ཟླ་འདིའི་ཕྱི་ཚེས་༡༨ ཉིན། པེ་ཅིང་དུ་དེ་དང་འདྲ་བའི་དྲག་པོའི་དོན་རྐྱེན་ཞིག་བྱུང་ཡོད་པའི་ཁྲོད། གྲི་ཐོགས་པའི་སྐྱེས་པ་ཞིག་གིས་མི་གཉིས་ལ་གྲིས་བརྒྱབས་ཡོད་པའི་ནང་གི་གཅིག་ནི་ཨ་རི་ནས་ཡིན་པའི་བུད་མེད་ཅིག་ཡིན་འདུག་པ་དང་། གཉིས་ཀའི་ཚེ་སྲོག་ཤོར་ཡོད་པ་རེད།

དེ་བཞིན་ཕྱི་ཟླ་༧ པའི་ཚེས་༢༠ ཉིན། པེ་ཅིང་དུ་གྱོད་གཞི་ཡར་གཏུག་བྱེད་མཁན་གྱི་སྐྱེས་པའི་མིང་ལ་ཧྲི་ཅིན་ཀྲུང་ཟེར་བ་ཞིག་གིས། པེ་ཅིང་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་འབར་རྫས་གཏོར་ཏེ་རང་ཤི་བརྒྱབ་པའི་ཆུ་ཚོད་བཞིའི་རྗེས་སུ། པེ་ཅིང་མེན་ཡུ་རྫོང་ནས་ཡིན་པའི་རང་ལོ་༣༩ ཅན་གྱི་སྐྱེས་པ་རུས་མིང་ཝང་ཡིན་པ་ཞིག་གིས། པེ་ཅིང་གི་གནམ་ཐང་ཞིག་ཏུ་འབར་རྫས་བཞག་ཡོད་པའི་འཇིགས་སྐུལ་བྱས་ཏེ། ཁོང་གི་ས་ཆ་སྲིད་གཞུང་གིས་བསྡུས་པའི་དོན་རྐྱེན་ལ་ངོ་རྒོལ་བྱས་ཡོད་པ་དང་། གནས་ཚུལ་དེ་བྱུང་བའི་ཆུ་ཚོད་གཅིག་གི་རྗེས་སུ་ཅཱང་སུ་ནེ་ཡིན་པའི་སྐྱེས་པ་རུས་མིང་ལུའུ་ཡིན་པ་ཞིག་གིས་པེ་ཅིང་གི་གློག་བརྙན་ཁང་ཞིག་ཏུ། འབར་རྫས་བཞག་ཡོད་པའི་འཇིགས་སྐུལ་བྱས་ཡོད་པ་རེད་འདུག