མ་བཀླགས་ཐབས་མེད་ཀྱི་དཔེ་དེབ་ཅིག་ཡིན།
དེ་རིང་ཞོགས་པར་བླ་རུང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་འཆད་ཁྲིད་བྱས་ཤིང་། མདོ་ཁམས་རི་བོ་ཆེའི་མཁན་པོ་ངག་དབང་ཚུལ་ཁྲིོམས་ཀྱིས་ཕབ་སྒྲིག་བྱས་པའི་<<དུས་རབས་ཀྱི་རྔ་སྒྲ>>་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༣༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་བཞུགས་སྒར་མེག་གྷན་དུ་ཡོད་པའི་ནང་བསྟན་སྲི་ཞུ་ཁང་གི་ལས་ཁང་སྟེ་ཀོང་པོའི་གསོལ་མགྲོན་ཁང་དུ། བླ་རུང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་འཆད་ཁྲིད་བྱས་ཤིང་། མདོ་ཁམས་རི་བོ་ཆེའི་མཁན་པོ་ངག་དབང་ཚུལ་ཁྲིོམས་ཀྱིས་ཕབ་སྒྲིག་བྱས་པའི་<<དུས་རབས་ཀྱི་རྔ་སྒྲ>>་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་ཐོག་ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་དང་། དཔེ་དེབ་ཕབ་སྒྲིག་པ་ཁམས་རི་བོ་ཆེའི་མཁན་པོ་ངག་དབང་ཚུལ་ཁྲིོམས། དེ་བཞིན་ཐེངས་འདིའི་སྐུ་མགྲོན་གཙོ་བོ་དང་དུས་ཐོག་ཆར་པ་ཕབ་སྒྲིག་པ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་སོགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་སོང་།
མཛད་སྒོའི་ཐོག་མར་དཔེ་དེབ་ཕབ་སྒྲིག་པ་མདོ་ཁམས་རི་བོ་ཆེའི་མཁན་པོ་ངག་དབང་ཚུལ་ཁྲིོམས་ཀྱིས་དུས་རབས་ཀྱི་རྔ་སྒྲ་ཞེས་པའི་དཔེ་དེབ་དེ་ངོ་སྤྲོད་གནང་དོན་ལྟར་ན། ད་ལྟ་དེབ་ཀྱི་ངོ་བོར་ཕབ་སྒྲིག་བྱས་པའི་དུས་རབས་ཀྱི་རྔ་སྒྲ་ཞེས་པ་དེ་ནི། ཕྱི་ལོ་༢༠༠༩ ལོར་བོད་མདོ་སྨད་མགོ་ལོག་ཕྱོགས་སུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་གཏམ་བཤད་གནང་བ་ཞིག་ཡིན་འདུག་པ་དང་། དེ་ཡང་གཙོ་བོ་དགེ་རྒན་གྱི་བསླབ་བྱ་དང་། སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས་ལས་འཕྲོས་པ་ཞིག་རེད་འདུག་ལ། དེབ་དེར་ཁྱོན་ཡིག་འབྲུ་ཁྲི་བདུན་དང་། ཚན་པ་བཅུ་བཞི། སྟོད་ཆ་དང་སྨད་ཆ་གཉིས་ཀྱིས་གྲུབ་པ་ཞིག་རེད་འདུག་པ་ལས། སྟོད་ཆའི་ནང་དགེ་རྒན་ལ་བཀུར་བའི་རིན་ཐང་དང་། དགེ་རྒན་གྱི་བྱ་བའི་རིན་ཐང་། དགེ་རྒན་གྱི་འགན་འཁྲི་སོགས་ས་བཅད་མི་འདྲ་བ་བདུན་དང་། སྨད་ཆའི་ནང་སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས་དང་། སྐད་ཡིག་ཉེན་ལྡན་དུ་གྱུར་པའི་རྒྱུ་རྐྱེན། བོད་ཀྱི་སྐད་ཡིག་ཉེན་ཁ་ལས་སྐྱོབ་ཐབས་སོགས་ས་བཅད་མི་འདྲ་བ་བདུན་ཡོད་པ་རེད་འདུག
ད་དུང་ཁོང་གིས་དེབ་དེའི་ནང་གི་སྐད་ཆ་དེ་ཚོ་རྩ་བས་རྒྱལ་སྤྱིའི་སྐད་ཡིག་ཆེད་ལས་པ་དག་གི་སྐད་ཆ་ཡིན་ན་ཡང་། བོད་སྐད་ཡིག་གི་གནས་བབ་ལ་སྦྱར་ནས་བཤད་པ་ཐོག་མ་ཆགས་ཡོད་པ་མ་ཟད། འཛམ་གླིང་གི་སྐད་ཡིག་གི་འགྱུར་འགྲོས་དང་། ཉེན་ལྡན་སྐད་ཡིག་གི་གྲངས་ཚད། སྐད་ཡིག་ཉེན་ཁ་ཅན་དུ་འགྱུར་ཚུལ། སྐད་ཡིག་ཉེན་ཁ་ཅན་དུ་གྱུར་པའི་རྒྱུ་རྐྱེན། སྐད་ཡིག་ཉེན་ཁ་ལས་སྐྱོབས་ཐབས་འདི་དག་ཞིབ་ཚགས་པོས་བོད་སྐད་ཡིག་གི་ནང་དུ་ཐོན་པ་དང་པོ་ཡིན་པས། དཔེ་དེབ་འདི་ནི་མ་བཀླགས་ཐབས་མེད་ཀྱི་དེབ་ཅིག་ཆགས་ཡོད་ཅེས་ངོ་སྤྲོད་གནང་སོང་།
དེ་ནས་ཐེངས་འདིའི་སྐུ་མགྲོན་གཙོ་བོ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ནང་བསྟན་སྲི་ཞུ་ཁང་གི་ལས་དོན་ཁག་ལ་བསྔགས་བརྗོད་དང་འབྲེལ། ད་ལྟའི་ཆར་བོད་ནང་ལ་ཆབ་སྲིད་ཀྱི་གནས་སྟངས་ཧ་ཅང་གི་ཛ་དྲག་ཆགས་ཡོད་པའི་སྐབས་སུ། གཞིས་ལུས་མི་མང་ལ་ཆ་མཚོན་ན་མུན་ནག་ནང་གི་སྒྲོན་མེ་ལྟ་བུ་དེ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཆགས་ཡོད་སྐོར་དང་། དེ་བཞིན་ཐེངས་འདིར་ཕབ་སྒྲིག་བྱས་པའི་དཔེ་དེབ་དུས་རབས་ཀྱི་རྔ་སྒྲ་ཞེས་པ་དེ་བརྗོད་བྱ་རྗོད་བྱེད་དང་། ཕབ་སྒྲིག་བྱེད་སྟངས་ཕྱོགས་ཡོངས་ནས་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་བྱུང་འདུག་པར་བརྟེན། དེབ་འདིའི་ནང་གི་གནད་དོན་དེ་དག་མི་མང་ཚང་མས་ཤེས་ཐབས་ཀྱིས། ཕྱོགས་གང་སར་བརྒྱུད་བསྒྲགས་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
མཐར་ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ཀྱིས། ནང་བསྟན་སྲི་ཞུ་ཁང་ལ་རྩ་བས་ལས་ཀ་རིགས་མང་པོ་ཞིག་ཡོད་པ་ལས། ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་གཙོ་བོ་བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་དགོས་པར་བརྟེན། ད་རེས་དགེ་རྒན་གྱི་བསླབ་བྱ་དང་། སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས་ལས་འཕྲོས་པའི་དེབ་འདི་ནང་བསྟན་སྲི་ཞུ་ཁང་གིས་དཔར་བསྐྲུན་བྱས་ཡོད་སྐོར་དང་། དེ་བཞིན་ནང་བསྟན་སྲི་ཞུ་ཁང་གི་ངོས་ནས་ཆེད་ལས་པ་གསོ་སྐྱོང་བྱ་ཐབས་ཀྱི་ཤུགས་རྒྱག་གི་ཡོད་པར་བརྟེན། དེབ་འདི་ཀློག་པོ་ཚང་མ་མ་འོངས་པར་ཆེད་ལས་པའི་ངོ་བོར་འགྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།
དེབ་དེ་མི་འགྱངས་པར་བོད་ནས་པར་བསྐྲུན་བྱ་རྒྱུ་རེད་འདུག་ལ། དེབ་དེའི་རྒྱབ་ལོགས་སུ་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དུང་བ་ཡོད་པའི་བོད་རིགས་སྤུན་ཟླ་ཚང་མར་པར་རྩའི་བདག་དབང་ཡོད་ཅེས་བྲིས་འདུག