སེམས་ཀྱི་སྐད་ཆ།
རྒྱང་རིང་མི་ཡུལ་ཤེས་རིག་དགའ་ཚལ་ནས།།
བྱམས་ལྡན་ཕ་མའི་རེ་བཞག་རླུང་ལ་སྐུར།།
རྣམ་གཡེང་རྩེད་འཇོར་རོལ་བའི་སློབ་བུ་ཚོ།།
ཁྲེལ་ལྡན་ཡིན་ན་ཁྲེལ་མེད་གང་ལགས་སམ།།
ས་མཐའི་སྤྱི་ཚོགས་དྲག་ཆར་རླུང་ཚུབ་ཁྲོད།།
རི་རབ་ཇི་བཞིན་དཀའ་ཚེགས་ལྕི་ན་ཡང་།།
ནོར་བུའི་གླིང་གི་ཤེས་བྱའི་སྦྲང་རྩི་དག།
ལེན་པར་ཕྱི་བཤོལ་མ་བྱེད་ཕ་བཟང་བུ།།
ཟ་ཟིང་མང་བའི་མི་ཡུལ་གྲུ་ཁ་ནས།།
གཡོ་ཅན་ལེ་ལོའི་རུམ་དུ་མ་ཉལ་བར།།
འོད་སྣང་འབར་བའི་མ་འོངས་མདུན་ལམ་དེ།།
སེམས་ནས་བསམ་བཞིན་སོང་དང་སློབ་བུ་ཚོ།།
བློ་རིག་དཔའ་རྩལ་རྒོད་པའི་གཤོག་ཟུང་ཅན།།
མ་འོངས་ལམ་ཆེན་བཞུར་འདུན་སློབ་ཆེན་བ།།
གོ་ལའི་གོ་ས་རྒྱུ་ཡིས་བཟུང་དུས་འདིར།།
མི་གཤིས་ནོར་དང་མ་བརྗེ་སྐྱོང་བར་མཛོད།།
ཕ་སྐད་སྲོག་རྩ་ཕྲ་བའི་དགུན་ལྷགས་ཁྲོད།།
རང་སྐད་སྙིང་གི་ནོར་བུ་མ་སྦྱང་བར།།
གཞན་སྐད་ལན་ཟློས་བྱ་བར་འདུན་པའི་བུ།།
ཕ་སྐད་མེད་ན་ཁྱོད་ཀྱང་གང་དུ་གཏོགས།།