སྲིད་སྐྱོང་གིས་ལས་ཁུར་གནང་སྟེ་ལོ་༢ འཁོར་བ།

སྲིད་སྐྱོང་བློ་བཟང་སེང་གེས་ལས་ཁུར་གནང་སྟེ་ལོ་གཉིས་འཁོར་བའི་དུས་ཚེས་དང་སྟབས་བསྟུན་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། དེ་བཞིན་བཙན་བྱོལ་བོད་མིའི་འདུ་སྡོད་ས་གནས་གཞན་ཁག་གི་ནང་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག

དེ་ཡང་ཕྱི་ཟླ་༧ ཚེས་༣༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས་བཀོད་ཁྱབ་ཅིག་བསྩལ་བའི་ནང་།  ཕྱི་ལོ་༢༠༡༣ ཟླ ༨ ཚེས་༨ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་བློན་ཁྲི་པའི་ལས་ཁུར་དམ་འབུལ་གནང་སྟེ་ལོ་གཉིས་ཧྲིལ་པོ་འཁོར་རྒྱུ་དང་། དུས་ཡུན་དེའི་ནང་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་མཐུ་དང་གཞུང་བསྟེན་ཆོས་སྲུང་རྣམས་ཀྱི་འཕྲིན་ལས། གཞིས་བྱེས་བོད་མི་ཡོངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་ལས་བྱེད་རྣམས་ཀྱི་རྒྱབ་སྐྱོར་བཅས་ལ་བརྟེན་ནས། བོད་མིའི་སྤྱི་དོན་འགན་ཁུར་ཞུ་སྒོ་གང་ཅི་གེགས་མེད་ལམ་ལྷོངས་དང་གྲུབ་འབྲས་མི་དམན་ཙམ་བྱུང་བའི་བཀའ་དྲིན་གཏང་རག་མཚོན་ཕྱིར་དང་།

བོད་དང་བོད་མིའི་རྩ་དོན་ཆེད་ཕྱི་ལོ་༢༠༠༩ ནས་བཟུང་རང་ལུས་མེར་སྲེག་གནང་མཁན་འདས་གསོན་འབྲེལ་ལྟོས་ཡོངས་ཀྱི་ཆེད་དུ། མཆོག་གསུམ་༧རྒྱལ་བ་རྒྱ་མཚོར་གདུང་འབོད་གསོལ་འདེབས་ཀྱིས་གོང་ཚེས་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། དེ་བཞིན་བཙན་བྱོལ་བོད་མིའི་འདུ་སྡོད་ས་གནས་གཞན་ཁག་གི་ནང་མཆོད་འབུལ་སྨོན་ལམ་གྱི་འདུ་འཛོམས་རྒྱས་པ་རེ་གོ་སྒྲིག་དགོས་རྒྱུ་ཞེས་ལམ་སྟོན་གནང་འདུག