འབྲོག་པ་གནས་སྤོའི་སྲིད་བྱུས་ཀྱི་རྒྱབ་ལྗོངས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༩ ཕྱི་ལོ་ ༢༠༡༣/༧/༣༡
ཉེ་བའི་ལོ་བཅུ་ཕྲག་ཙམ་ནས་བཟུང་རྒྱ་གཞུང་གིས་འབྲོག་པ་གནས་སྤོས་ཀྱི་སྲིད་བྱུས་དེ་དངོས་སུ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་རེད། ད་ལྟའི་ཆར་གནས་སྤོས་བྱས་ཟིན་པའི་བོད་རིགས་འབྲོག་པ་ཚོས་འཚོ་བའི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བས།
དེ་ལ་བོད་རིགས་འབྲོག་པ་ན་གཞོན་གང་འཚམ་ཞིག་གིས་དགའ་སྣང་སྐྱེ་བཞིན་པ་དང། ལོ་ན་རྒན་པའི་འབྲོག་པ་ཉམས་མྱོང་ཅན་ཚོས་ཧ་ཅང་གི་སེམས་འཚབ་བྱེད་བཞིན་ཡོད་འདུག ནོར་ལུག་རྣམས་བཤས་ཚོང་བྱས་པའི་རིན་འབབ་ཀྱིས་གནས་སྐབས་སྒོར་མོ་ཅུང་ཙམ་ཡོད་པ་དང། རྒྱ་གཞུང་གིས་གུན་གསབ་རོགས་དངུལ་ཅུང་ཙམ་རེ་སྤྲོད་ཀྱི་ཡོད་སྟབས་སྔོན་མ་བཞིན་རི་མགོ་ནས་ནོར་ལུག་འཚོས་ཏེ་སྡོད་པ་ལས། འབྲོག་པ་ཚང་མ་གྲོང་དུ་བསྒྱུར་ནས་འཚོ་སྡོད་བྱེད་པ་འདི་ཚེགས་ཆུང་བ་དང། མི་མང་འདུ་འཛོམས་ཅུང་མང་སར་སླེབས་པས་འབྲོག་ཕྲུག་ལོ་ཆུང་ཚོའི་སེམས་ལ་འཚོ་བའི་འགྱུར་ལྡོག་གསར་པ་དེར་ཅུང་དགའ་སྣང་སྐྱེ་བཞིན་ཡོད་འདུག
བགྲེས་སོང་ཚོའི་སེམས་ལ་རྒྱ་གཞུང་གིས་བརྒྱབ་པའི་ཁང་པ་དེ་དག་ཕྱི་ནས་བལྟས་ན་ཅུང་རྫིག་ཙམ་ཡོད་ཀྱང། ནང་གི་ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་ཞན་པ་དང། དེ་བཞིན་དེ་ལྟར་ལོ་མང་བསྡད་ན་ཡོང་འབབ་གང་ཡང་མེད་པས་ད་ལྟ་ལག་ཐོག་ཏུ་དཔལ་འབྱོར་ཅུང་ཡོད་པ་དེ་དག་ལ་ཚང་མ་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་འགྱུར་རྒྱུ་ཡིན་པའི་སེམས་ཁྲལ་བྱེད་བཞིན་ཡོད་འདུག གང་ལྟར་རྒྱ་གཞུང་གི་བོད་ཀྱི་འབྲོག་པ་མང་ཚོགས་ཚང་མའི་འཚོ་བར་འགྱུར་ལྡོག་ཆེན་པོ་གཏོང་རྒྱུའི་འཆར་གཞི་དེ་ལྡོག་ཐབས་མེད་པ་དང། དེ་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་བ་དེས་གཙོ་བོ་ལས་ཚེགས་ཆུང་ལ་ཡོང་འབབ་མང་བ། འཚོ་བའི་གནས་བབས་ཡག་ཏུ་འགྲོ་བའི་གནས་ཚུལ་ཞིག་ཡིན་ན། སྔོན་མ་བཞིན་ཁ་ཆར་བུ་ཡུག་གི་ནང་དུ་དཀའ་ངལ་མྱོང་མི་དགོས་པས། དགའ་བསུ་ཞུ་དགོས་པ་ཞིག་ལོས་ཡིན་ཀྱང། དོན་དུ་དེ་ལས་ལྡོག་སྟེ་འབྲོག་པ་རྣམས་དབང་བསྒྱུར་བྱེད་བདེ་བ་དང། འབྲོག་པའི་རྩྭ་ཐང་ཆེན་པོ་དེ་དག་ཏུ་གཏེར་ཁ་སྔོག་འདོན་བྱ་ཆེད་བཅས་སུ་དམིགས་ཡོད་པ་རེད།
སྲིད་བྱུས་དེ་ལམ་ལྷོང་མི་ཡོང་བའི་ཆེད་དུ་བོད་ནང་གི་བོད་མི་ཤེས་ཡོན་དང་འཇོན་ཐང་ཡོད་པའི་མི་སྣ་ཁག་ཅིག་གིས་ཆོས་ཕྱོགས་ཀྱི་སློབ་གསོ་ལ་བརྟེན་ནས། མ་འོངས་པར་འབྲོག་པའི་འཚོ་བ་ལ་དཀའ་ངལ་མི་འཕྲད་པའི་ཐབས་ཤེས་བྱེད་བཞིན་ཡོད་ཀྱང། དེ་ལའང་ཆོས་ཕྱོགས་ཀྱི་མི་སྣ་རེ་ཟུང་ཞིག་གིས་གོ་བ་གཞན་ཞིག་དང་དམིགས་ཡུལ་གཞན་ཞིག་ཆེད་དུ་སྤྱི་ཚོགས་ནང་བསམ་ཚུལ་ལྡོག་ཕྱོགས་ནས་བསྐྲུན་གང་ཐུབ་བྱེད་བཞིན་ཡོད་འདུག དེ་ལ་བརྟེན་ནས་བོད་རིགས་འབྲོག་པ་མང་ཚོགས་ཀྱི་ས་ཁུལ་རེ་ཟུང་ཙམ་ཞིག་ལས། གཞན་སྒོ་ཟོག་སེམས་ཅན་རྣམས་ཀྱང་དུས་ཐུང་ནང་བཤས་ཚོང་བྱ་རྒྱུའི་ཉེན་ཁ་དེ་བཟློག་དཀའ་བ་ལྟ་བུར་འགྱུར་བཞིན་ཡོད་འདུག དེ་ལ་བརྟེན་ནས་འབྲོག་པའི་འཚོ་བ་རྩ་སྟོངས་སུ་གྱུར་སོང་ན། མ་འོངས་པར་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱ་ནག་གི་རིག་གཞུང་གོམས་གཤིས་སོགས་སླེབས་ཐུབ་པ་དང། དེ་ལ་བརྟེན་ནས་བོད་པའི་གོམས་གཤིས་ཀྱི་ལྷག་འཕྲོ་དེ་ཡང་ལས་སླ་པོའི་ཐོག་ནས་རྩ་མེད་གཏོང་ཐུབ་པའི་ཆེད་དུ་དམིགས་ཡོད་པ་རེད།
སྔོན་མ་འབྲོག་པའི་ས་ཆ་མང་ཆེ་བར་རླངས་འཁོར་གྱི་ལམ་ཁ་མེད་པ་དང་ཐ་ན་ཁ་པར་ཡང་མེད། སྐུད་པ་བརྒྱུད་ནས་འཐེན་པའི་ཁ་པར་ས་གནས་རྒྱ་གཞུང་གི་ཡུལ་ཚོའི་ནང་དུ་ཡོད་པ་དེའི་སྐུད་པ་ཡང། འབྲོག་པ་ཚོས་བཅད་གཏུབ་བྱེད་བཞིན་ཡོད་པ་རེད། ཕྱོགས་གཅིག་ནས་ཁ་པར་གྱི་བརྒྱུད་ལམ་མེད་ན་རྒྱ་གཞུང་གི་ཡི་གེ་ཕན་ཚུན་སྐྱེལ་བ་སོགས་རྟ་ཐོག་ནས་འབྲོག་པ་མང་ཚོགས་ཀྱི་འུ་ལག་རྒྱུག་དགོས་ཀྱང། ཕྱོགས་གཅིག་ནས་རྒྱ་གཞུང་གི་ཤུགས་རྐྱེན་ཧ་ཅང་ཉུང་བ་ཡོད་པས། བྱེད་སྟངས་དེ་ནི་ཆབ་སྲིད་ཀྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་འདུག དེ་བཞིན་འབྲོག་པ་མང་ཚོགས་ཀྱི་ནང་ཁུལ་གྱི་རྩོད་རྙོག་ལ་བརྟེན་ནས་གྱོད་ཁ་མཆུ་རེ་ཡོད་ཀྱང། རྒྱ་གཞུང་གི་ཁྲིམས་ཁང་དུ་གཏུག་རྒྱུའི་ལུགས་སྲོལ་མེད་ལ། གལ་སྲིད་གཏུག་མཁན་ཞིག་བྱུང་ཡང་ཐག་གཅོད་དེ་ལ་མི་མང་གིས་བརྩི་འཇོག་མི་བྱེད་པས། འབྲོག་སྡེ་ཁ་ཤས་ནང་དུ་འབྲོག་པ་རེ་ཟུང་ཆེད་དུ་རྒྱ་གཞུང་གིས་གྱོད་བཤད་མཁན་གྱི་གཟུ་པ་ལྟ་བུར་བསྐོ་དགོས་ཐུག་ཡོད།
འབྲོག་པ་ཚང་མ་གྲོང་དུ་བསྒྱུར་ཟིན་པའི་རྗེས་སུ་རྒྱ་གཞུང་གིས་སྟངས་འཛིན་ནན་པོ་བྱེད་ཐུབ་པ་དང། སྔོན་མ་འབྲོག་པ་སྡོད་སའི་ས་ཆ་དེ་དག་ཕལ་མོ་ཆེར་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པས། གྲོང་ནས་འབྲོག་ཏུ་ལོག་འཆར་ཡོད་མཁན་དེ་འདྲ་བྱུང་ཡང་གཏན་ནས་ལོག་ཡུལ་མེད་པར་འགྱུར་ངེས་ཡིན་འདུག དེར་བརྟེན་སྲིད་བྱུས་དེའི་རྒྱབ་ལྗོངས་དེ་ནི་བོད་མི་རིགས་རྩ་མེད་གཏོང་རྒྱུའི་གཞི་རྒྱ་ཆེ་བའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། དེ་ལ་བརྟེན་ནས་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ངེས་ཡིན་འདུག་པས། འབྲོག་པ་མང་ཚོགས་དང་བོད་རིགས་ཚང་མས་གནད་དོན་དེའི་ཐོག་བསམ་བློ་ཡག་པོ་གཏོང་མ་ཐུབ་ན། ཆབ་སྲིད་དང་ལོ་རྒྱུས་ལ་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་པ་མ་ཟད། འཚོ་ཐབས་ཀྱི་ཕྱོགས་ནས་ཀྱང་གཞན་བརྟེན་མི་བྱེད་ཀ་མེད་དུ་འགྱུར་རྒྱུའི་ཉེན་ཁ་ཡོད།།