ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་འཐུས་མིས་རྒྱ་ནག་ལ་སྐྱོན་བརྗོད།

ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨོ་ཊི་རོ་སི་ནི་ཡིས་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱས་པ་ནི་མི་རིགས་རྩ་མེད་དང་། འགྲོ་བ་མིའི་རིགས་ལ་བཙན་གནོན་གྱི་ཐབས་ལམ་གསར་པ་ཞིག་སྤེལ་བ་རེད་ཅེས་གསུངས་འདུག

ད་ལྟའི་ཆར་སྨན་ཁང་དུ་སྐྲན་ནད་སྨན་བཅོས་བྱེད་བཞིན་པའི་ལྷོ་ཨ་ཧྥི་རི་ཀའི་ཆབ་སྲིད་ཚོགས་པ་ཨན་ཁ་ཊ་རང་དབང་ཚོགས་པ་(Inkatha Freedom Party) ཞེས་པའི་གྲོས་ཚོགས་འཐུས་མི་འབུམ་རམས་པ་སྐུ་ཞབས་ཨོ་ཊི་རོ་སི་ནི་)Mario Oriani-Ambrosini) ཡིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤིག་སྤེལ་ཡོད་པའི་ནང་། རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱས་པ་ནི་མི་རིགས་རྩ་མེད་དང་འགྲོ་བ་མིའི་རིགས་ལ་བཙན་གནོན་གྱི་ཐབས་ལམ་གསར་པ་ཞིག་སྤེལ་བ་རེད་ཅེས་དང་། བོད་ནང་དུ་ཕྱི་ལོ་༢༠༠༩ ནས་ད་ལྟའི་བར་དུ་བོད་མི་༡༢༠ ཙམ་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ལུགས་གསུངས་འདུག

ཁོང་གིས་མུ་མཐུད་དུ་བརྗོད་རྒྱུར། “གལ་ཏེ་བོད་ནང་གི་བོད་མི་ཚོར་རང་དབང་རང་བདག་གི་གཞི་རྩའི་ཐོབ་ཐང་ཡོད་ན། ཁོང་ཚོ་ལའང་ཞི་བདེ་དང་རང་དབང་གི་འཚོ་བ་ཞིག་སྐྱེལ་བའི་འདུན་པ་ཡོད་པ་རེད། ཡིན་ནའང་། རྒྱ་ནག་སྲིད་གཞུང་གིས་བོད་ལ་མུ་མཐུད་དུ་དབང་བསྒྱུར་དང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ནས། བོད་མི་རྣམས་ཀྱི་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་དགོས་བྱུང་བ་རེད། ”

ཁོང་གིས་གསུངས་དོན། “རྒྱ་ནག་གཞུང་ནས་བོད་ནང་གི་གནས་སྟངས་ཡག་པོ་ཡོད་པའི་རྣམ་འགྱུར་བསྟན་པ་ཙམ་མ་ཡིན་པར་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཡང་ན་འབྲེལ་ཡོད་རྣམས་དངོས་སུ་དམ་དྲག་མེད་པའི་ཐོག་ནས་བོད་ནང་དུ་རྟོགས་ཞིབ་སླད་ངེས་པར་གཏོང་བའི་དུས་ལ་བབས་ཡོད་ལུགས་གསུངས་ཡོད་པ་རེད།”

སྐུ་ཞབས་ཨོ་ཊི་རོ་སི་ནི་ལྷ་ཨ་ཧྤི་ར་ཀའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་དང་། དེ་སྔ་ཕྱི་ལོ་༢༠༡༡ པའི་ཟླ་༡༡ ནང་དུའང་ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་ནང་དུ་བོད་ནང་གི་རང་ལུས་མེར་སྲེག་སྐོར་གླེང་སློང་གནང་ཡོད་པ་རེད།