ཨ་རིའི་འཇིགས་སྐུལ་པའི་འཇབ་རྒོལ་འགོག་སྲུང་གི་ཉེན་བརྡ།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཨ་རིའི་མི་སེར་རྣམས་ལ། ཨལ་ཁཱ་ཌ་འཇིགས་སྐུལ་རིང་ལུགས་པས་ཨ་རིར་དམིགས་པའི་དྲག་པོའི་འཇབ་རྒོལ་གྱི་བྱ་སྤྱོད་སྤེལ་སྲིད་པའི་ཉེན་བརྡ་བཏང་སྟེ། གནས་སྐབས་རིང་ཁ་ཆེའི་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་གཞུང་ཚབ་ཡན་ལག་རྣམས་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
དེའང་ཟླ་འདིའི་ཕྱི་ཚེས་༡ ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཆེད་དུ་བརྗོད་དོན། དཀྱིལ་ཤར་དང་བྱང་ཨ་ཧྥེ་རི་ཀའི་ས་ཁུལ་གཉིས་ཀྱི་ནང་དུ་འཇིགས་སྐུལ་འཇབ་རྒོལ་གྱི་ཉེན་ཁ་ཤིན་ཏུ་ཆེ་བ་དང་། ཨལ་ཁཱ་ཌ་དང་དེའི་ཁོངས་གཏོགས་ཀྱི་ཚོགས་པ་དང་སྒྲིག་འཛུགས་ཁག་གིས་དྲག་པོའི་འཇིགས་སྐུལ་འཇབ་རྒོལ་བྱེད་སྲིད་པ་མ་ཟད། ཕྱི་ཟླ་༨ པའི་ཟླ་མཇུག་གི་སྔོན་དུ་འབྱུང་སྲིད་པའི་ཚོད་དཔག་བྱས་འདུག
ད་དུང་གསལ་བསྒྲགས་དེའི་ནང་འཁོད་པ་ལྟར་ན། རེས་གཟའ་ཉི་མ་(ཕྱི་ཟླ་༨ པའི་ཚེས་༤)ཉིན་ཁ་ཆེ་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་གཞུང་ཚབ་ཡན་ལག་རྣམས་སྒོ་རྒྱག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག
ཁ་ཆེའི་རྒྱལ་ཁག་མང་པོའི་ནང་དུ་རེས་གཟའ་པ་སངས་ནི་མཆོད་འབུལ་སྨོན་ལམ་བྱེད་པའི་ཉིན་མོ་གལ་ཆེ་ཞིག་དང་ངལ་གསོའི་དུས་ཚོད་ཀྱང་ཡིན་པས། གཟའ་ཉི་མ་དེ་ལས་ཀ་བྱེད་པའི་གཟའ་འཁོར་གྱི་ཉིན་དང་པོ་ཆགས་ཡོད་པ་རེད། ཉེན་བརྡའི་ནང་དུ་དམིགས་བཀར་གྱིས་བརྗོད་པ་ལྟར་ན། མང་ཚོགས་འདུ་འཛོམས་བྱེད་སའི་འགྲིམ་འགྲུལ་ཁོངས་གཏོགས་དང་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་སོགས་སུ་འཇིགས་སྐུལ་འཇབ་རྒོལ་བྱེད་སྲིད་པ་རེད།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་བདེ་འཇགས་འགོག་སྲུང་གི་གསལ་བསྒྲགས་དེས་ཕྱིིའི་རྒྱལ་ཁབ་ཁག་གི་ནང་དུ་ཡོད་པའི་ཨ་རིའི་མི་སེར་རྣམས་ལ་ཁ་ཆེའི་དྲག་སྤྱོད་པས་འཇིགས་སྐུལ་འཇབ་རྒོལ་སྤེལ་སྲིད་པའི་ཉེན་བརྡ་བཏང་བ་ཞིག་ཡིན་པ་དང་། ཕྱི་ཟླ་༨ པའི་ཚེས་༣༡ གི་བར་དུ་སོ་སོའི་བདེ་འཇགས་ལ་དམིགས་བསལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བྱས་འདུག
དེ་དང་དུས་མཚུངས་དབྱིན་ཇིའི་ཕྱི་འབྲེལ་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། རེས་ཉི་མ་དང་ཟླ་བའི་(ཕྱི་ཟླ་༨ པའི་ཚེས་༤ དང་༥ ) ཉིན་ཡཱེ་མེན་གྱི་དབྱིན་ཇིའི་གཞུང་ཚབ་ཁང་སྒོ་རྒྱག་རྒྱུ་ཡིན་པར་བརྗོད་འདུག
ཨ་རིའི་དཔོན་རིགས་དང་གྲོས་ཚོགས་ཀྱི་འཐུས་མི་མང་དག་ཅིག་གིས་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་པར་གཞིགས་ན། ཨ་རིའི་གཞུང་གིས་ཡིད་རྟོན་འཕེར་བའི་གསང་བའི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་བར་བརྟེན་ནས། བདེ་འཇགས་ཉེན་སྲུང་གི་སྔོན་བརྡ་དེ་སྤེལ་བ་ཞིག་ཡིན་པ་རེད་འདུག
ལི་བྷི་ཡའི་གྲོང་ཁྱེན་བྷན་གྷའི་ནང་དུ་ལོ་སྔོན་མའི་ཕྱི་ཟླ་༩ པའི་ཚེས་༡༡ ཉིན། ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་འཇབ་རྒོལ་བྱས་ཏེ་གཞུང་ཚབ་ཆེན་མོ་གཙོས་པའི་ཨ་རིའི་མི་སེར་བཞི་དམར་བསད་བཏང་ཡོད་པ་རེད། །