སྨན་བཅོས་ལྟ་སྐྱོང་ལས་གཞི་ནུས་ལྡན་བཟོ་དགོས།
ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་བརྒྱུད་ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ནུས་ལྡན་བཟོ་དགོས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༤༣༤ ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡༧ འཁོད་པའི་ནང། དབུས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཐོག་མའི་དམིགས་ཡུལ་དང་རེ་བ་ལྟར་བྱུང་མེད་པའི་སྐོར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་འགྲེལ་བཤད་གནང་འདུག་ན།
སྤྱི་ཚོགས་ཤིག་ཟུར་དུ་གསོ་སྐྱོང་བྱ་དགོས་ན་ཁྲིམས་དང་སྒྲིག་གཞི་གཏན་འབེབས་བརྒྱུད་ནས་ལས་གཞི་གང་འདྲ་ཞིག་ཡིན་ཡང་ནུས་ལྡན་བཟོ་དགོས་པ་དེ་སྤྱི་ཚོགས་སྐྱོང་མཁན་གྱི་གཞུང་ངམ་སྒྲིག་འཛུགས་དེའི་ལས་འགན་ངོ་མ་དེ་ཡིན་པ་ནི་ནུབ་ཕྱོགས་ཡར་ཐོན་མང་གཙོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་འཚོ་བའི་ལམ་ལུགས་ལ་བལྟས་ན་མཐོང་ཐུབ་པ་དང། ལྷག་དོན་དུ་རང་རེ་བོད་མི་བཙན་བྱོལ་བ་རྣམས་ནི་ལུང་པ་མེད་པའི་མང་གཙོའི་སྒྲིག་འཛུགས་ཤིག་ལ་སོང་། དེ་བས་ཀྱང་ཁྲིམས་ལུགས་སམ་སྒྲིག་གཞི་གཏན་འབེབས་བརྒྱུད་ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ནུས་ལྡན་བཟོ་དགོས་པ་ནི་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་སྡེ་ཚན་དང། ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་གཉིས་ཀྱི་ཁུར་དུ་བབས་པའི་ཐུགས་འགན་ཆེ་ཤོས་དེ་ཡིན་པར་ངོས་འཛིན་ཞུ་གི་ཡོད།
གསར་ཤོག་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར། ས་གནས་ཆེ་ཁག་འགའ་ཤས་ལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་གྱི་གྲངས་ཚད་དང་སྨན་བཅོས་མཐུན་རྐྱེན་ཞུ་མཁན་གྱི་གྲངས་ཚད་གཉིས་ཁ་མ་འདུམ་པའི་གནས་སུ་ཡོད་པ་ཡང་གསལ་འདུག་ན། དེ་དག་ལ་བསམ་ཞིབ་བྱེད་སྐབས་ཁྲིམས་དང་སྒྲིག་གཞི་གཏན་འབེབས་བརྒྱུད་ནས། སྨན་བཅོས་ལྟ་སྐྱོང་ལས་གཞི་ནུས་ལྡན་བཟོ་དགོས་པ་དེ། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་བལྟས་ཚེ་གལ་ཆེའི་ནང་ནས་ཛ་དྲག་གི་གནད་དོན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་ལ། འབོད་སྐུལ་དང་རེ་བ་བརྒྱུད་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི་ཙམ་མ་ཡིན་པར་སྒྲིག་འཛུགས་ཤིག་གིས་འཛིན་སྐྱོང་གི་ལས་གཞི་དང་ཁྲིམས་བཟོའི་ལས་དོན་བཅས་ཡོངས་རྫོགས་འཐུས་སྒོ་ཚང་བ་དང་འདོད་པ་ཁེངས་པ་ཞིག་ནམ་ཡང་འགྲུབ་མི་ཐུབ་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས། ལོ་ཉི་ཤུ་རྩ་གཉིས་ཙམ་འགྲོ་གི་ཡོད་ནའང། ས་གནས་ཆེ་ཁག་འགའ་ཤས་ལ་བཅའ་ཁྲིམས་དོན་ཚན་བདུན་ཅུ་དོན་བརྒྱད་དང་དྲུག་ཅུ་བཅས་ཀྱི་འོག་ཏུ་བཀོད་སྒྲིག་ཞུས་པའི་ས་གནས་མི་མང་གི་འཚོ་བའི་ལས་གཞི་ལ་འགན་ཁུར་ཐུབ་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དེ་དག དུས་ད་ལྟ་ཡང་ལག་ལེན་ཐུབ་མེད་པ་དང་དེ་སྔོན་སྲོལ་རྒྱུན་སོ་ནམ་གྱི་ལས་གཞི་སོགས་ལ་ཕྱི་མིག་བལྟ་ཐུབ་མཁན་ཞིག་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཡོད་ན་དེ་ནས་ངོ་འཕྲོད་ཐུབ་རྒྱུ་དང། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་གཅིག་ཀྱང་མ་ལུས་པར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་མཉམ་ཞུགས་ཐུབ་པའི་ཁྲིམས་ལུགས་སམ་སྒྲིག་གཞི་གཏན་འབེབས་བརྒྱུད་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི་ནུས་ལྡན་བཟོ་དགོས།
ད་ལྟའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ལམ་ལྷོང་མ་བྱུང་བར་འཐུས་ཤོར་དུ་ཕྱིན་ཚེ་འཕྲོད་བསྟེན་ལས་ཁུངས་ལ་ལྡོག་ཏུ་མེད་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ལའང་རང་བཞིན་གྱིས་དཀའ་ངལ་འཕྲད་སྲིད་པ་བཅས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་མཉམ་ཞུགས་མ་གནང་བའི་རིགས་ལ་ཕྱི་བསྐྱོད་ལག་འཁྱེར་IC དང་མཐོང་མཆན་ཡིག་ཆ་visa དང་སློབ་འཇུག་སོགས་ལ་དགོས་ངེས་ཀྱི་རྒྱབ་གཉེར་ཡིག་ཆ་ཁག་བཀག་ཐུབ་པའི་ནུས་ལྡན་གྱི་ཁྲིམས་སྒྲིག་གཏན་འབེབས་གནང་ནས། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཡར་ཐོན་རྒྱལ་ཁབ་ཀྱི་ལམ་ལུགས་ལྟར་འཐུས་སྒོ་ཚང་ཞིང་མིང་དོན་འགྲུབ་ཐུབ་པའི་རེ་སྨོན་དང་བཅས་ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་ལ་རེ་སྐུལ་ཞུ་རྒྱུར་རང་རེའི་འཕྲོད་བསྟེན་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ནུས་ལྡན་མིང་དོན་མཚུངས་པ་ཞིག་བཟོ་ཐུབ་དང་མ་ཐུབ་དེ་རང་ཅག་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་མང་ཚོགས་ལ་བརྒྱ་ཆ་༧༥ རག་ལས་པ་དང་བརྒྱ་ཆ་༢༥ དེ་འཕྲོད་བསྟེན་ལས་ཁུངས་ཀྱིས་འཛིན་སྐྱོང་གནང་སྟངས་ལ་རག་ལས་པར་ངོས་འཛིན་ཞུ་གི་ཡོད་ལ། མི་ཧྲེང་པོ་གཅིག་ཡིན་ན་ཉིན་རེར་སྒོར་༢ མ་ཟིན་ཙམ་དང། ཟླ་བ་རེར་སྒོར་༦༠ མ་ཟིན་ཙམ་དང་ལོ་རེར་སྒོར་༧༡༣ བབས་པ་དེ་དག་རྒྱ་ཆེ་ས་ནས་བསམ་བློ་ཡག་པོ་བཏང་ཐུབ་ན་སྤྱི་ཚོགས་འཕྲོད་བསྟེན་གྱི་དགེ་རྩ་ལ་རླབས་ཆེན་གྱི་ཞལ་འདེབས་ཕུལ་བར་ངོས་འཛིན་གནང་ན་མ་འོས་པ་མེད།
རང་རེ་ནང་པ་སངས་རྒྱས་པའི་རྗེས་སུ་འཇུག་མཁན་གྱི་མི་རིགས་ཤིག་གི་ངོས་ནས་བསམ་ན་གཞན་ལ་ཕན་ན་དགེ་བ་དང་གཞན་ལ་གནོད་ན་སྡིག་པའི་བྱ་བ་ཡིན་པ་སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་དང་ངེས་པ་བརྟན་པོ་རྙེད་ནས་འགན་ཁུར་ཐུབ་དགོས་པའི་འབོད་སྐུལ་ཞུ་འདོད་བྱུང་ལ། རྒྱུ་འགྲོ་ཆུང་ལ་དགེ་རླབས་ཆེ་བའི་ད་ལྟའི་འཕྲོད་བསྟེན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་བོད་མི་གཅིག་ཀྱང་མ་ལུས་པར་མཉམ་ཞུགས་དགོས་པ་ནི་སོ་སོ་རང་ཉིད་ལོ་གཅིག་ནང་ནད་མནར་ཚབས་ཆེན་མ་ཕོག་ནའང། རང་རིགས་ཤ་ཁྲག་གཅིག་པའི་ནང་པ་གཞན་ལ་ཕན་ཐུབ་ན་དེ་ནི་ནང་ཆོས་ཀྱི་ཉིང་ཁུ་གཞན་ཕན་ངོ་མ་དེ་ཡིན་པའི་ངོ་སྤྲོད་ཡང་ཞུ་འདོད་བྱུང། སྤྱི་ཚོགས་དང་སྒྲིག་འཛུགས་ལ་འགན་ཁུར་ནས་གང་ཟག་སྒེར་གྱི་བསམ་འཆར་ཞུས་པ་འདིས་ཀྱང་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་འགྲོ་ཀུན་ཡུན་རིང་འཚོ་ཐུབ་པའི་བསྔོ་བ་མང་ཙམ་བགྱིས་ཆོག།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ཀྱིས།
