གདོང་ཐོག་རིན་པོ་ཆེའི་དག་ཆའི་སྐོར་གྱི་དགོངས་འཆར།

བར་ལམ་ནས་བོད་མདོ་དབུས་ཁམས་གསུམ་དུ་བོད་པ་བརྒྱ་ལྷག་གིས་ཀྲུང་གོ་ལ་ངོ་རྒོལ་ལས་འགུལ་རང་ལུས་ཕངས་མེད་མེར་བསྲེག་བྱས་པའི་གནས་ཚུལ་ཐོས། དེ་ནི་བོད་དོན་ལ་ཕན་མེད་ཀྱི་ནོར་འཁྲུལ་ཞིག་རེད་སྙམ། གང་གིས་ཟེར་ན། རང་ལུས་མེར་བསྲེག་བྱས་མཁན་དེ་རྣམས་བོད་རང་དབང་གི་དོན་དུ་སེམས་ཤུགས་ཆེན་པོ་ཤ་སྟག་རེད།

ཀྲུང་གོ་ལ་ཁོ་ཚོ་མེད་ན་དགའ། ཁོ་ཚོས་བོད་རང་དབང་གི་དོན་དུ་རང་ཤི་རྒྱབ་པ་དེ་ཀྲུང་གོས་བོད་མི་བསད་པའི་མིང་མེད་པར་ཀྲུང་གོའི་བསམ་དོན་འགྲུབ་པ་རེད། གཞིས་སྡོད་བོད་པ་ཚོས་དེ་འདྲ་བྱས་པ་ལས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སོགས་དོན་རྩར་བྱས་ཏེ་ཀྲུང་གོ་གཞུང་གི་དཔོན་རིགས་དག་དང་གདོང་དང་གདོང་ཐུག་སྟེ་སྐད་ཆ་བཤད་ཅིང། དེའི་རྒྱབ་རྩར་འཛམ་གླིང་རྒྱལ་ཁབ་ཁག་གི་དཔོན་རིགས་རྣམས་ལ་རྒྱབ་དཔང་གནང་བར་འབོད་སྐུལ་བྱས་ན་བོད་ཀྱི་སྣོད་བཅུད་གཉིས་ཀར་དེས་ཕན་ཐོགས་ཆེ་བ་ཡོང་སྙམ། དེས་ན་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གིས་གཞིས་སྡོད་བོད་པ་ཚོར་སྲིད་དོན་ལས་རིགས་བྱེད་སྟངས་སློབ་སྟོན་གནང་གལ་ཆེ་ཞུ།

རྒྱ་གར་དང་བལ་ཡུལ་ནས་བཟོ་བསྐྲུན་སྤོས་ལ་མིང་གཟིམ་སྤོས་ཞེས་བྲིས་པ་ནོར། བདུག་སྤོས་ཡིན། མནྚལ་སོ་བདུན་མར་བདུག་སྤོས་མ་ཞེས་འདོན་པ་དང་། བོད་རྒྱ་ཚིག་མཛོད་ཆེན་མོར་ཡང་བདུག་སྤོས་ཞེས་གསལ། པོ་ཏ་ལ་གཟིམ་སྤོས་ཟེར་བའི་སྤོས་ཤུབ་ལ། མཆོད་སྦྱིན་གཉིས་ཀྱི་འགྱུར་གྱུར་ཅིག་བྲིས་པ་ནོར། རྒྱུར་གྱུར་ཅིག་ཡིན། བོད་ལྷ་ས་ནས་བཟོ་བསྐྲུན་བྱས་པའི་ལྷ་སའི་གནས་མཆོག་བདུག་སྤོས་ཞེས་པ་དང་། ལྷ་སའི་སྤོས་ཨང་དང་པོ་ཞེས་མིང་བྲིས་པ་དག  དེས་ན་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཡི་གེའི་དག་ཆ་མ་ནོར་བ་འདི་བཞིན་དགོས་པའི་སློབ་སྟོན་དགོས།
བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་གིས་བཏོན་པའི་ལོ་ཐོར་བོད་ཟླ་ཞེས་བཀོད་པ་ནོར། ཧོར་ཟླ་སྟེ་རབ་བྱུང་བཞི་པའི་མེ་ཕག་ལོར་ཧོར་ཇི་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་མཆུ་ཟླ་ལོ་གསར་དུ་བཟུང་བ་དཀྱུས་སུ་ཤོར་བས་མཆུ་ཟླ་ལ་ཧོར་ཟླ་དང་པོ་གྲགས་ཞེས་རྒྱལ་དབང་ལྔ་པའི་རྩིས་དཀར་ནག་དྲིས་ལན་ལས་གསུངས་ཤིང། དུས་འཁོར་ལུགས་ལ་ནག་ཟླ་སོགས་ཉ་སྐར་བརྩི་བ་ལས་ཧོར་ཟླ་དང་པོ་དང་གཉིས་པ་སོགས་ཨང་གྲངས་ཀྱིས་བརྩི་སྲོལ་མེད། སྔོན་བོད་ལྷ་སའི་ལྕགས་པོ་རི་སྨན་རྩིས་ཁང་རིག་བྱེད་འགྲོར་ཕན་གླིང་ནས་བཏོན་པའི་ལོ་ཐོར་ཡང་ཧོར་ཟླ་ཞེས་བཀོད་ཡོད། ཡང་ཕྱི་ལོ་ཞེས་འཁོད་པ་དང་། ཡིག་ངག་གཉིས་ཀ་ཕྱི་ལོ་ཞེས་འབྲི་བརྗོད་བྱེད་པ་མ་དག་སྟེ། ཕྱི་ལོ་ཟེར་ན་ལོ་རྗེས་མ་ལ་གོ རྒྱ་གར་ཀང་ར་དཔལ་སྤུངས་ཤེས་རབ་གླིང་ནས་བཏོན་པའི་ལོ་ཐོར་ཡེ་ལོ་ཞེས་འཁོད། ལོ་འདི་ཡེ་ཤུ་མ་ཤི་ཀའི་འདས་ལོ་ཡིན། རིམ་པས་ཡེ་ཤུའི་ཆོས་ལུགས་ཡིན་མིན་ཁྱད་མེད་རྒྱལ་ཁམས་ཡོངས་སུ་འདས་ལོ་འདི་བརྩི་ནས་སྤྱིའི་འདས་ལོར་གྱུར་པས་སྤྱི་ལོ་ཞེས་འབྲི་བརྗོད་བྱེད་ན་འཐད་དོ། དེས་ན་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འདི་བཞིན་སློབ་སྟོན་གནང་དགོས།

བཙན་བྱོལ་བོད་གཞུང་ཟློས་གར་ཁང་གི་གླུ་གཞས་ཀྱི་གྲས་སུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་མེད་པ་ནོར། བོད་མདོ་སྨད་ཁུལ་དུ་ལོ་གསར་རིག་རྩལ་སྤྲོ་ཚོགས་དང་། དགོང་ཚོགས་ཞེས་པ་དག་ཏུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་འདུག  བྱང་ཨ་མེ་རི་ཀའི་ནང་བོད་རིགས་སྤྱི་མཐུན་ཚོགས་པའི་དུས་སྟོན་ལ་ཚོགས་ཁང་གི་འཕྲད་དར་ལ་ཨིན་ཡིག་མ་གཏོགས་བོད་ཡིག་བྲིས་མེད་པ་དང་། ལས་རིམ་ཤོག་ལྷེར་ཡང་ཨིན་ཡིག་ལས་བོད་ཡིག་བྲིས་མེད་པ་ནོར། ཕྱི་རྒྱལ་མི་མང་པོ་འཛོམས་ཡོད་པས་ཁོ་ཚོས་བོད་ཡིག་གིས་འདང་གི་མེད་པ་ཡིན་ནམ། བོད་པ་འདི་ཚོས་བོད་ཡིག་ཤེས་ཀྱི་མེད་པ་ཡིན་སྙམ་དོགས་པ་སྐྱེ་སྲིད། འདི་ཐད་བྱང་ཨ་རིའི་ནང་ཡོད་བཙན་བྱོལ་བོད་གཞུང་སྐུ་ཚབ་དག་གི་སློབ་སྟོན་གནང་རྒྱུ་གལ་ཆེ་སྙམ།

བོད་མདོ་དབུས་ཁམས་གསུམ་ནང་ལོ་གསར་སྤྲོ་ཚོགས་དང་རིག་རྩལ་དགོང་ཚོགས་ཞེས་པ་འཚོགས་ནས་འཁྲབ་སྟོན་ནང་། ང་ཚོ་གདོང་དམར་བོད་པ་ཡིན། ཕ་མ་གཅིག་གི་སྤུན་མཆེད་ཡིན། རྡོག་རྩ་གཅིག་སྒྲིལ་གྱིས། བོད་དུས་རབས་གསར་པའི་ཡར་རྒྱས་གཏོང་དགོས་ཟེར་བ་སོགས་སྐད་འབོད་བྱེད་ཀྱི་འདུག  ཁོ་ཚོ་ཀྲུང་གོའི་འོག་ཏུ་གནས་ཀྱང་དེ་འདྲ་བྱེད་ན་ང་ཚོ་བྱེས་སྡོད་བོད་པ་ཚོས་དེ་འདྲ་མི་བྱེད་པ་ཅི་ཡིན་ནམ། འདིའི་ཐད་ང་ཚོ་བྱེས་སྡོད་བོད་པ་ཚོས་ཁོ་ཚོས་བྱེད་སྟངས་ལ་དཔེ་བླངས་ནས་བོད་ཀྱི་སྲིད་དཔལ་རིག་གསུམ་ལ་ཕན་པའི་ལས་འགུལ་བྱ་རིགས་སོ།
ངས་ཇུས་མེད་ཇུས་གཏོགས་བྱས་པ་རེད་འདུག་ན་དགོངས་དག་ཞུ། བྱང་ཨ་མེ་རི་ཀར་སྡོད་པ་བོད་མདོ་སྟོད་ཧྲེ་ཧོར་གདོང་སྤྲུལ་བསྟན་པའི་རྒྱལ་མཚན་ནས་རབ་གནས་ཆུ་སྦྲུལ་ཧོར་ཟླ་༥ པའི་ཚེས་༢༨ སྤྱི་ལོ་༢༠༡༣་ཟླ་༥ པའི་ཚེས་༧ ལ།