བོད་རིག་པའི་ཚོགས་འདུ་ལ་བལྟ་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༥༠ ཕྱི་ལོ་ ༢༠༡༣/༨/༧
ཉེ་བའི་ཆར་སོག་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་འཚོགས་སྐབས་བཙན་བྱོལ་ཁྲོད་ནས་བོད་མི་མང་ཙམ་འཛུལ་ཞུགས་བྱས་འདུག ཚོགས་འདུ་དེ་ནི་བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་འབའ་ཞིག་ལས་གྲུབ་པའི་ཚོགས་འདུ་ཞིག་ཡིན་དགོས་པ་དང་།
རྒྱ་མི་དང་ཕྱི་རྒྱལ་མི་རིགས་ཀྱིས་ཀྱང་ཚོགས་འདུ་དེའི་གྲུབ་ཆ་ཆེ་ཤོས་བཟུང་ཡོད། བོད་ནང་གི་བོད་མི་ཚོ་ཚོགས་ཞུགས་ཐུབ་མིན་ནི་གཙོ་བོ་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་མེད་ལ་རག་ལས་པ་དང། ད་ལོ་སོག་ཡུལ་ལྟ་བུར་མཚོན་ན་བོད་དང་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཆེན་པོ་ཡོད་པས་བོད་ནང་ནས་བོད་མི་ཚོགས་ཞུགས་པ་ཅུང་ཉུང་ཙམ་ཆགས་ཡོད། བཙན་བྱོལ་ནང་ནས་ག་ཚོད་ཚོགས་ཞུགས་ཐུབ་མིན་ནི་རྒྱལ་ཁབ་དེ་ནས་སྐྱབས་བཅོལ་ཆེད་བྲོས་བྱོལ་དུ་འགྲོ་དང་མི་འགྲོ་ལ་རག་ལས་པ་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཀྱང་ཆོག་ལ། རྒྱུ་མཚན་དེའི་ཆ་ནས་བཙན་བྱོལ་ནང་ནས་ལོ་འདིར་མང་ཙམ་འཛུལ་ཞུགས་བྱེད་ཐུབ་ཡོད་པ་རེད།
སྤྱིར་ཚོགས་འདུ་དེ་ཉིད་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་དང། རིག་ཚན་བྱེ་བྲག་པ་སོགས་ལ་ཞིབ་འཇུག་བྱེད་པའི་སྡིངས་ཆ་གལ་ཆེན་པོ་ཞིག་ཡིན་པ་དང། ཚོགས་འདུ་འདི་ཉིད་བརྒྱུད་ནས་བོད་ཕྱི་ནང་གི་བོད་རིགས་མཁས་པ་ཐུག་འཕྲད་དང། རྒྱལ་སྤྱིའི་ཐོག་ནས་བོད་རིག་པའི་ཆེད་མཁས་པ་མང་པོ་འཛོམས་ཐུབ་པའི་སྡིངས་ཆ་གལ་ཆེན་པོ་ཞིག་ཡིན། རྒྱ་དམར་དྲག་གཞུང་གི་ཚོགས་འདུ་འདི་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་འབད་བརྩོན་ཕྱོགས་གང་ས་ནས་བྱས་པ་དང། ད་ལྟའི་ཆར་ཡང་ཚོགས་འདུ་འདི་ཉིད་ལ་ཤུགས་རྐྱེན་ཐེབས་ཐུབ་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། འོན་ཀྱང་བོད་རིག་པའི་ཞིབ་འཇུག་པའི་ནང་དུ་ནུབ་ཕྱོགས་ཀྱི་མཁས་པ་མང་པོ་ཡོད་པ་དང། ཚོགས་འདུ་དེ་ཡང་ཐོག་མ་ནུབ་ཕྱོགས་ནས་འགོ་བཙུགས་པ་ཞིག་ཡིན་པས། ད་བར་རྒྱ་དམར་དྲག་གཞུང་གི་ནུས་ཤུགས་ཁོ་རང་ཚོའི་རེ་བ་ནང་བཞིན་སླེབས་ཐུབ་མེད། འོན་ཀྱང་མ་འོངས་པར་སྡེ་ཚན་འདི་ཡང་རྒྱ་གཞུང་གི་སྟངས་འཛིན་དང་ནུས་ཤུགས་ཆེན་པོ་ཡོད་པ་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད།
བཙན་བྱོལ་བོད་མི་མཁས་པ་ཚོའི་ངོས་ནས་གནད་དོན་འདི་ལ་མཐོང་ཆེན་པོ་སྤྲད་མྱོང་ལ། ཤུགས་རྐྱེན་ཡང་གང་འཚམས་ཆེན་པོ་ཐེབས་མྱོང། འོན་ཀྱང་བར་ལམ་ནས་བཟུང་སྡིངས་ཆ་འདི་ཡང་ནུབ་ཕྱོགས་སུ་སྐྱབས་བཅོལ་ལ་འགྲོ་རྒྱུའི་ལམ་ཁ་ཞིག་ཏུ་བརྩིས་ནས་ཞིབ་འཇུག་པ་དང་ཆེད་མཁས་པའི་ཤེས་ཚད་ཡོད་མེད་མང་པོ་ཞིག་གིས་འཛུལ་ཞུགས་བྱེད་ཐབས་བྱས་ཡོད་པ་དང། འདིའི་སྔོན་ཁེ་ན་ཌར་ཚོགས་སྐབས་རྒྱ་གར་ནས་མི་བརྒྱད་སོང་ནས་བཞི་ཕྱིར་ལོག་བྱས་མེད། ལོ་འདིར་སོག་ཡུལ་དུ་སྐྱབས་བཅོལ་ཞུས་ནས་སྡོད་མཁན་ཕལ་ཆེར་མེད་ཚོད་ཀྱང། མ་འོངས་པའི་ལམ་ཁ་ཞིག་ཏུ་དམིགས་ནས་འཛུལ་ཞུགས་བྱེད་མཁན་ཡང་བྱུང་ཡོད་ཤག་རེད། སྤྱིར་བོད་མི་ཚོ་མིའི་ལུང་པར་སྐྱབས་བཅོལ་དུ་བསྡད་ཡོད་སྟབས་སྐྱབས་བཅོལ་གཉིས་པ་ཞིག་ཏུ་འགྲོ་རྒྱུ་དེ་ཧ་ལས་པ་ཞིག་མིན་པའི་དབང་དུ་བཏང་ཡང། གལ་ཆེ་བའི་ཚོགས་འདུ་འདི་ལྟ་བུའི་ཚོགས་ཞུགས་པ་ཕྱིར་ལོག་མ་བྱས་ན། མ་འོངས་པར་ཚོགས་འདུ་འདིར་བཙན་བྱོལ་བོད་མི་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་ཉུང་དུ་འགྲོ་སྲིད་པ་དང། དེ་ལ་བརྟེན་ནས་རྒྱ་གཞུང་གི་ཤུགས་རྐྱེན་མང་དུ་འགྲོ་ངེས་པ་རེད།
རྒྱ་གཞུང་གིས་ཆེད་དུ་ཚོགས་འདུ་འདི་ལྟ་བུར་ཤུགས་རྐྱེན་སྤྲོད་དགོས་ན་འཛམ་བུའི་གླིང་གི་ནང་ནས་བོད་རིག་པའི་ཆེད་མཁས་པ་མང་པོ་ཡོད་པས་སྟབས་བདེ་པོ་དེ་ཙམ་མེད་ནའང། བཙན་བྱོལ་ནང་ནས་བོད་རིག་པའི་མཁས་པ་འཛུལ་ཞུགས་བྱེད་ཐུབ་མཁན་ཉུང་དུ་སོང་ན་རང་བཞིན་གྱིས་རྒྱ་དམར་དྲག་གཞུང་གི་ཤུགས་རྐྱེན་ཆེ་རུ་འགྲོ་བ་དང། ནུབ་ཕྱོགས་ཀྱི་མཁས་པ་མང་པོ་ཞིག་ཀྱང་རྒྱ་གཞུང་གིས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་བསླུ་འགུགས་བྱེད་ཐབས་བྱེད་བཞིན་པ་རེད། དེར་བརྟེན་གལ་ཆེ་ཤོས་ཤིག་ལ་བོད་པའི་ལོ་རྒྱུས་ཀྱི་གནས་བབས་ལ་འཁྱོག་བརྗོད་སྣ་ཚོགས་བྱས་ནས་ནག་བསུབ་གཏོང་ཐབས་བྱེད་བཞིན་པ་དང། དེ་ལ་བརྟེན་ནས་བོད་དབང་བསྒྱུར་བྱེད་རྒྱུར་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་སྟབས་བདེ་རུ་གཏོང་ཐབས་བྱེད་བཞིན་པ་ནི། ངེས་པར་དུ་བཀག་འགོག་བྱེད་དགོས་པའི་གནད་དོན་གལ་ཆེན་པོ་ཞིག་རེད། རྒྱ་གཞུང་གིས་ལོ་རྒྱུས་ལ་བཟོ་བཅོས་བྱེད་རྒྱུ་འདི་སྲོལ་རྒྱུན་ལྟ་བུ་ཆགས་ནས་སོག་པོས་རྒྱ་ནག་དབང་བསྒྱུར་བྱས་ཀྱང་དེ་ལས་ལྡོག་སྟེ་སྐབས་དེ་རྒྱ་ནག་གི་རྒྱལ་རབས་སུ་བརྩི་བཞིན་པ་ལྟ་བུར་གྱུར་ཡོད།
ཚོགས་འདུ་འདིའི་ནང་དུ་བཙན་བྱོལ་ཁྲོད་ཀྱི་བོད་པའི་མཁས་པ་མང་པོ་ཞུགས་ཐུབ་དགོས་པ་དང། དེ་ཡང་ཡིག་རྨོངས་སེལ་ཙམ་ལྟ་བུ་མ་ཡིན་པར་ཆོས་དང་རིག་གནས་ཕྱི་ནང་གི་སྐད་ཡིག་སོགས་ལ་བྱང་ཆུབ་པའི་མི་སྣ་རྣམས་འཛུལ་ཞུགས་ཡོང་ཐབས་བྱས་ནས། ཚོགས་ཆེན་འདིའི་ནང་དུ་བོད་དོན་གྱི་བདེན་པ་དངོས་ཡོད་གནས་ཚུལ་དག་ར་སྤྲོད་བྱེད་མ་ཐུབ་ན། བོད་ཀྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་འབའ་ཞིག་ལས་གྲུབ་པའི་སྡིངས་ཆ་ཞིག་ནས་བོད་དོན་འཁྱོག་བཤད་བྱས་པའི་གནས་ཚུལ་བྱུང་ཚེ་རྒྱ་དམར་དྲག་གཞུང་ལ་ཆབ་སྲིད་ཀྱི་ལག་ཆ་ཆེན་པོ་ཞིག་རྙེད་སོང་བ་རེད། མ་འོངས་པར་བཙན་བྱོལ་ནང་གི་མཁས་པ་ཚོས་རྒྱལ་སྤྱིའི་བོད་རིག་པའི་སྡིངས་ཆ་འདི་སྒེར་གྱི་འཚོ་གོས་འཚོལ་བའི་ལམ་སྣེ་ཙམ་དུ་མ་བརྩིས་པར། གོ་སྐབས་ལེན་ཐབས་བྱེད་དགོས་པ་དང། དཔལ་འབྱོར་དང་སྟོབས་ཤུགས་ཀྱི་ཐོག་ནས་རྒྱ་གཞུང་དང་བསྡུར་ཐབས་མེད་ཀྱང། བདེན་དོན་གྱི་ཐོག་ནས་ང་ཚོ་དཔའ་ཞུམ་མི་དགོས་པ་ཞིག་སྡིངས་ཆ་འདི་ལྟ་བུའི་ཐོག་ནས་བསྐྲུན་ཐུབ་དགོས་སྙམ།།