མོན་གྷོ་ས་གཞོན་ནས་༧གོང་ས་མཆོག་ལ་ཞུ་སྙན་ཞིག་ཕུལ་འདུག

ཕྱི་ཟླ་༨ ཚེས་༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ ཙམ་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་ཀྱི་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག ཉེ་ཆར་གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ལྟར། མི་མང་གིས་འཕགས་བསྟོད་དང་མཎི། ཤེར་སྙིང་བཅས་ཆུ་ཚོད་༡་༣༠ རིང་གསོག་སྒྲུབ་ཞུས་ཡོད་པ་རེད།

སྐབས་དེར་མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཉེ་བའི་ཆར་༧གོང་ས་མཆོགས་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་སྐབས་མོན་གྷོ་ས་གཞོན་གྱི་ངོས་ནས་ཕྱི་ལོ་༢༠༡༣ ཕྱི་ཟླ་༧ པའི་༢༠ འཁོད་ཡོད་པའི་ཞུ་སྙན་ཞིག་ཕུལ་ཡོད་འདུག་ལ།  སྙན་ཞུ་དེ་མོན་གྷོ་ས་གཞོན་དྲུང་ཆེ་ཐུབ་བསྟན་སྐལ་བཟང་གིས་ཚོགས་ཐོག་ཏུ་སྒྲོགས་སྦྱངས་བྱས་ཡོད་པ་རེད།

ཞུ་སྙན་དེའི་ནང་འཁོད་དོན། མོན་གྷོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་༡༩༧༢ ལོར་དབུ་བརྙེས་པ་ནས་བཟུང་ད་བར་མི་ལོ་ཧྲིལ་པོ་༤༡ རིང་ཐོག་མའི་དམིགས་ཡུལ་གཞིར་བཟུང་གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་ཡུལ་གཅིག་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་འཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་ཁུར་ལེན་རྨང་གཞིར་འཁྱེར་རྒྱུ་ཞེས་པའི་དོན་ཚན་དང་མཐུན་པའི་གང་ནུས་ཞུ་ཁུལ་ཀྱང་།   རྒྱལ་དང་རྒྱལ་སྲས་གང་གིས་ཀྱང་འདུལ་བའི་ཡུལ་དུ་མ་གྱུར་བའི་དམུ་རྒོད་གདུལ་དཀའི་སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་བྱིས་པ་འབྲོག་དགོན་དུ་འཕྱན་པ་ལྟ་བུའི་མི་བསྲུན་ཞེ་གཅིག་མ་གཏོགས་སྒྲུབ་ཏུ་མེད་པའི་ཉམ་ཐག་པ་བདག་ཅག་རྣམས་ནས་མགོན་པོ་ཉིད་ཀྱི་ཐུགས་དང་འགལ་བས་ནོངས་པར་གྱུར་པ་ཀུན་མ་སྦས་བསམ་པ་ཐག་པས་བཤགས་རྒྱུ་དང་།  སྒོ་གསུམ་འཁྲུལ་བས་བག་མེད་ལེ་ལོའི་དབང་གྱུར་རྣམ་པར་འཁྱམས་པ་མ་ཟད།   སྡིག་ལྟུང་དྲི་མས་སྦག་པ་མཐོལ་ཞིང་བཤགས་ཞེས་གསོལ་འདེབས་ཞུ་རྒྱུ་དང་།

ཞར་བྱུང་།  གང་གི་ཐུགས་ཀྱིས་བཞེད་དགོངས་དང་མཐུན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་ལས་ལྷག་པ་དང་ཟབ་པ་མེད་པ་ནི།  ད་ལྟ་ལྷན་ཚོགས་ཀྱི་ལས་ཐོག་རྒྱུན་ལས་དང་ལས་ཟུར་ལྷག་པར་ཚོགས་མི་མང་ཚོགས་ནས་ད་ལྟའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཐོག་གོ་བསྡུར་དང་སྦྱང་བཤད་བགྲོ་གླེང་དང་དཔྱད་པ་མཐིལ་ཕྱིན་བགྱིས་ཀྱང་བབས་ས་དེ་ལས་མེད་པལ་ངེས་པ་རྙེད་ནས། ད་ལྟའི་མོན་གྷོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དེ་བཞིན་གཉིས་སྨན་དབུ་མའི་ལམ་དེ་རང་ཡིན་གཤིས།  ཇི་ལྟ་ཇི་ལྟར་སྙིགས་དུས་བརླང་སྤྱོད་ཀྱི་སྐྱེ་འགྲོའི་ངན་སྤྱོད་ཆེས་ཆེར་བདོ་བ།   དེ་ལྟ་དེ་ལྟར་མགོན་པོ་ཉིད་ཀྱིས་ཐུགས་སྟོབས་སྙིང་རྗེའི་གོ་ཆ་ལྷག་པར་བཞེས་ཏེ།   ཞབས་ཟུང་སྲིད་མཐའི་བར་དུ་མི་ཤིགས་པའི་རྡོ་རྗེ།   མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་། རྟག་བརྟན་གཞོམ་བྲལ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་རྒྱུའི་གསོལ་འདེབས་དང་།   ངེས་དོན་གསང་གསུམ་རྡོ་རྗེའི་དངོས་པོ་གཞོམ་ཞིག་བྲལ་ཡང་།  བདག་སོགས་ཚུར་མཐོང་བྱིས་པའི་མོས་ངོར་ཐེག་རིམ་གསུམ་གྱི་ཆོས་འཁོར་བསྐོར་བཞིན་པར་ཞབས་པད་བཀྲ་ཤིས་རེ་ཁཱ་ནོར་བུའི་ཁྲི་ལ་བསྐལ་རྒྱ་མཚོའི་བར་དུ་བར་དུ་བརྟན་པ་དང་།  གུས་འབངས་ཀྱང་ཇི་སྲིད་བྱང་ཆུབ་སྙིང་པོར་མ་མཆིས་ཀྱི་བར་དེ་སྲིད་དུ་རྗེས་སུ་འཛིན་ཅིང་། གསུང་གི་དབུགས་དབྱུང་བཟང་པོ་མཁའ་ནོར་བགྲོད་པའི་རྗེས་འཆིང་ཆད་མེད་སྤྱི་བོར་སྩོལ་བ་མཁྱེེན་ཞེས་འཁོད་ཡོད་འདུག།

དེ་བཞིན་ཕྱི་ཚེས་༩ ཉིན་གྱི་ཕྱི་དྲོ་མོན་གྷོ་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༦་ཉིན་བོད་ནས་གསར་དུ་འབྱོར་བའི་དགེ་འདུན་པ་ཀརྨ་ངེས་དོན་རྒྱ་མཚོས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་ནས་བོད་བསྟན་སྲིད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐུ་ལུས་ཞུགས་འབུལ་གནང་ནས་སྐུ་གྲོངས་ཡོད་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་ཞིག་ཀྱང་འཚོགས་ཡོད་པ་རེད།།

མོན་གྷོ་གསར་འགོད་པས།