སློབ་མ་ཞིག་ལ་ལོ་༢་དང་ཕྱེད་ཀྱི་ཁྲིམས་ཆད།
![]()
རྒྱ་གཞུང་གིས་བོད་མདོ་སྨད་རེབ་གོང་གི་སློབ་མ་ཞིག་ལ་རང་ལུས་མེར་སྲེག་ལ་འབྲེལ་བ་ཡོད་སྐོར་དང་། དེ་བཞིན་བོད་རང་བཙན་གྱི་སྐད་འབོད་བྱས་པ་སོགས་ཀྱི་ཉེས་མིང་འོག་ལོ་༢།དང་ཕྱེད་ཀྱིོ་ཁྲིམས་ཆད་དང་། དེ་བཞིན་ལོ་སྔོན་མའི་ནང་འཛིན་བཟུང་བྱས་པའི་གྲྭ་བ་གཉིས་གློད་གྲོལ་བཏང་ཡོད་པ་རེད་འདུག
དེ་ཡང་སིད་སུར་གནས་སྡོད་བསོད་ནམས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་༢༠༡༢ ལོ་ཟླ་༡༡ པའི་ནང་བོད་མདོ་སྨད་རེབ་གོང་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་སྐབས། རྒྱ་གཞུང་གིས་ཁུལ་དེའི་བོད་མི་མང་པོ་ཞིག་གང་བྱུང་གིས་འཛིན་བཟུང་བྱས་པའི་ཁོངས་ནས། རེབ་གོང་མདོ་བ་ཁྱུ་ལྔ་ནས་ཡིན་ཞིང་རེབ་གོང་རྫོང་སློབ་འབྲིང་གི་སློབ་མ་རྡོ་རྗེ་ཟེར་བ་ཞིག་ལ་ཡང་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་སྐོར་དང་། དེ་བཞིན་བོད་རང་བཙན་གྱི་སྐད་འབོད་དང་གངས་སྲོལ་རྒྱུན་འཛིན་ཚོགས་པ་གསར་འཛུགས་བཅས་ཀྱི་ཉེས་མིང་འོག ལོ་འདིའི་ཕྱི་ཟླ་༢ པའི་ཟླ་མགོར་ལོ་༢ དང་ཕྱེད་ཀྱི་ཁྲིམས་ཐག་བཅད་དེ་ད་ལྟ་ཟི་ལིང་གི་ཁྲིམས་ཁང་ཞིག་ཏུ་བཀག་ཉར་གྱིས། སློབ་སྦྱོང་གི་གོ་སྐབས་ཡོངས་སུ་འཕྲོག་སྟེ་ཕུགས་བསམ་དང་མི་ཚེའི་མདུན་ལམ་མེད་པ་བཟོས་ཡོད་པ་རེད་འདུག
གཞན་ཡང་རྒྱ་གཞུང་གིས་ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ནང་རང་ལུས་མེར་སྲེག་གི་གནས་ཚུལ་དང་འབྲེལ་བ་ཡོད་སྐོར་དང་། དེ་བཞིན་བོད་རང་བཙན་སྐད་འབོད་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་རེབ་གོང་མདོ་བ་མཁར་སྐྱ་སྡེ་བའི་གྲྭ་གྲགས་པ་རྒྱ་མཚོ་དང་། མདོ་བ་རྒྱ་འདུ་སྡེ་བའི་གྲྭ་འཇིགས་མེད་བསྟན་འཛིན་གཉིས། ཟླ་བ་དགུ་ལྷག་གི་རིང་བཙོན་འཇུག་བཀག་ཉར་བྱས་རྗེས་ཉེ་ཆར་གློད་གྲོལ་བཏང་ཡོད་པ་རེད་འདུག
ད་དུང་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར་ན། ད་ལོའི་ཟླ་༢ པའི་ཚེས་༧ ཉིན་རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། མཚོ་སྔོན་གྱི་ཉེན་རྟོག་སྡེ་ཁག་གིས་བོད་མདོ་སྨད་རེབ་གོང་ཁུལ་གྱི་མེར་སྲེག་ངོ་རྒོལ་ལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག བོད་མི་༧༠ འཇུ་བཟུང་བཀག་ཉར་བྱས་ཡོད་པའི་ཁྲོད་མི་༥༢ ལ་དྲག་སྡོམ་འདྲི་གཅོད་དང་། མི་༡༢ ལ་ཁྲིམས་ཐག་གཅོད་གཏན་ཁེལ་ཡོད་སྐོར་བསྒྲགས་ཡོད་པ་རེད་འདུག
