ཤེས་ཡོན་སྲིད་བྱུས་དེ་ལག་ལེན་བྱས་བསྡད་ཡོད་རེད།
ཕྱི་ཟླ་༨ ཚེས་༡༢ ནས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་བོད་གཞུང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གིས་ས་གནས་ཀྱི་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་བྱེད་ཕྱོགས་དང་། ལྷག་པར་དུ་སློབ་གྲྭ་ཁག་གི་ནང་རིམ་པས་རིགས་ལམ་གྱི་སློབ་ཚན་གོ་སྒྲིག་བྱེད་ཕྱོགས་བཅས་ཀྱི་ཆེད་དུ་ཕེབས་ཡོད་པ་རེད།
ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོ་མོན་གྷོ་ས་གནས་སུ་ཕེབས་ནས་དྲུང་ཆེས་མོན་གྷོ་གཏན་ཉིན་སློབ་གྲྭའི་སློབ་མ་ཚོའི་སློབ་སྦྱོང་བྱེད་སའི་ཁོར་ཡུག་དང་སློབ་སྦྱོང་གི་མཐུན་རྐྱེན་བཅས་སུ་གཟིགས་ཞིབ་གནང་གྲུབ་པ་དང་། གཏན་ཉིན་སློབ་གྲྭའི་དགེ་ལས་སློབ་མ་ཡོངས་ལ་རིགས་ལམ་དེ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་༧གོང་ས་མཆོག་གི་དགོངས་གཞི་ཡིན་སྐོར་སོགས་ཀྱི་ཐད་བླང་དོར་སློབ་ལམ་སྟོན་དང་བགྲོ་གླེང་སྦྱངས་བཤད་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་༡༣ ཉིན་གྱི་སྔ་དྲོ་མོན་གྷོ་ས་གནས་མི་མང་ཚོགས་ཁང་ཆེན་མོའི་ནང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་གིས་མོན་གྷོ་ས་གནས་མི་མང་ལ་འཚམས་གཟིགས་དང་འབྲེལ་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།
སྐབས་དེར་ཁོང་གིས་སློབ་སྦྱོང་གལ་ཆེན་བརྩི་དགོས་སྐོར་གསུངས་དོན། “རྩ་བའི་ང་རང་ཚོ་སྐྱབས་བཅོལ་དུ་འབྱོར་མ་ཐག་ནས་༧གོང་ས་མཆོག་གིས་སློབ་གྲྭ་བརྒྱབ་ནས་བོད་ཕྲུག་ཚོར་སློབ་སྦྱོང་སྤྲོད་ཐབས་བྱེད་ཕྱོགས་ཐད་ཕྱག་ལས་མང་དག་ཅིག་གནང་བ་ཙམ་དུ་མ་ཟད། ༧གོང་ས་མཆོག་གིས་དུས་ནས་དུས་སུ་སྤྱི་ཚོགས་ནང་སློབ་སྦྱོང་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་དང་ཁོང་གི་ཐོག་མའི་དམིགས་ཡུལ་འཛིན་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་མང་དག་ཅིག་གནང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། ཡིན་ན་ཡང་ང་རང་ཚོས་ཕྱོགས་མང་པོ་ཞིག་ནས་འཐུས་ཤོར་ཏན་ཏན་སོང་ཡོད་པ་རེད་ལ། ལྷག་པར་དུ་ཕ་མ་ཚོའི་ངོས་ནས་བུ་ཕྲུག་ཚོར་སྐྱོང་སྟངས་མ་ཤེས་པའི་དཀའ་ངལ་ཆེན་པོ་རེད། དཔེར་ན་དངུལ་མང་པོ་སྤྲད་ནས་བུ་ཕྲུག་འཕྲོ་བརླག་འགྲོ་ཡི་ཡོད་པ་རེད། གང་ལྟར་དེ་ཙམ་མ་རེད་ང་རང་ཚོའི་སྤྱི་ཚོགས་ནང་༧གོང་ས་མཆོག་གིས་མཚོན་གོང་ནས་བཀའ་སློབ་དང་ལམ་སྟོན་གནང་མིན་ལ་མ་ལྟོས་པར་ཤེས་ཡོན་གལ་ཆེན་དུ་བརྩི་ཡི་མེད་པ་ཞིག་ཚོར་གྱི་འདུག ཨང་དང་པོ་དེ་དངུལ་ལམ་དཔལ་འབྱོར་དེ་རྩ་ཆེན་པོ་ཞེ་དྲག་བརྩི་ཡི་འདུག་ལ། ང་རང་ཚོའི་སྤྱི་ཚོགས་ནང་ལ་ཆ་མཚོན་ན་མི་ཚང་ཞིག་ལ་བཅའ་དངོས་ཤིག་ཡོད་རེད་ད་ལབ་ནས་ཧ་ལས་ཧང་སང་མདོག་བྱེད་ཀྱི་འདུག མི་ཚང་དེའི་བུ་དང་བུ་མོར་ཤེས་ཡོན་ག་ཚོད་ཡོད་མེད་ཐད་དོ་སྣང་གང་ཡང་བྱེད་ཀྱི་མི་འདུག ཉིན་དེ་རིང་ནས་བཟུང་༧གོང་ས་མཆོག་གིས་བཀའ་སློབ་གཞི་རྩར་བཟུང་ནས་ང་རང་ཚོ་ཚང་མའི་ངོས་ནས་ཤེས་ཡོན་ཐོག་ཤུགས་རྒྱག་དགོས་པ་གལ་ཆེན་པོ་ཞེ་དྲག་རེད”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུངས་དོན། “དེ་ཡང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ད་ལྟའི་བཀའ་ཤག་སྐབས་༡༤ པའི་སྲིད་སྐྱོང་ཕེབས་པ་ནས་བཟུང། ནང་ཁུལ་གྱི་ཕྱག་ལས་ཡོངས་ཀྱི་ནང་ནས་ཤེས་ཡོན་དེ་གལ་ཆེན་དུ་བརྩི་ཡི་ཡིན་ཞེས་བཀའ་གནང་གི་ཡོད་པ་བཞིན། ཤེས་ཡོན་ཐོག་སློབ་ཡོན་འདྲ་མིན་སྤྲོད་ཀྱི་ཡོད་པས་མཚོན་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཀྱི་ཕྱག་ལས་མང་དག་ཅིག་གནང་གི་ཡོད་པ་རེད་ལ་གྲུབ་འབྲས་ཀྱང་གཏན་ནས་མེད་པ་དེ་འདྲ་མ་རེད། ཤེས་ཡོན་ཡོད་ན་ད་ལྟའི་བཀའ་ཤག་གི་རྩ་བའི་ལྟ་གྲུབ་གསུམ་དེ་ཡང་འགྲུབ་ཐུབ་ཀྱི་འདུག་དྲན་གྱི་ཡོད་ལ། ང་རང་ཚོ་ཚང་མས་ཤེས་ཡོན་ཐོག་ཤུགས་རྒྱག་དགོས་པ་ཧ་ཅང་གལ་ཆེན་པོ་རེད་”ཅེས་གསུངས་སོང་།
ཁོང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་སྐོར་གསུངས་དོན། “ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སྐད་ཡིག་དང་ཚན་རིག་བཅས་ཀྱི་ཐོག་ཤུགས་ཏོག་ཙམ་བརྒྱབ་ཡོང་སྐབས། ཤེས་ཡོན་སྲིད་བྱུས་ཐོག་ལ་ང་ཚོས་སྣང་མེད་བྱས་ཏེ། ལག་ལེན་བསྟར་གྱི་མི་འདུག་བསམ་པ་དེ་འདྲ་ཡོང་གི་ཡོད་ས་རེད། དེ་འདྲ་མ་རེད། ཤེས་ཡོན་སྲིད་བྱུས་དེ་ལག་ལེན་བྱས་བསྡད་ཡོད་རེད། ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ས་དེ་སཾབྷོཊ་སློབ་གྲྭ་༡༢ ཡོད་པ་རེད། དེའི་ནང་འགྲོ་བསྡད་ཡོད་རེད། ཤེས་ཡོན་སྲིད་བྱུས་དེ་ཐོག་མར་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བྱུང་བ་རེད། དེང་སྐབས་ཤེས་ཡོན་ལྷན་ཚོགས་ཟེར་བའི་ལས་ཁང་ཞིག་ཟུར་དུ་བཀའ་ཤག་ནས་བཙུགས་ཡོད་པ་རེད། རིན་པོ་ཆེ་ལ་དེའི་ཚོགས་གཙོ་གནང་རོགས་ཞེས་སྲིད་སྐྱོང་གིས་འབོད་སྐུལ་ཞུས་དོན་བཞིན་ཞལ་བཞེས་ཐོབ་ཡོད་པ་རེད། དེ་ཙམ་དུ་མ་ཟད་ད་ལྟའི་སྐབས་བོད་ཁྱིམ་ཁག་གཉིས་ཀྱི་དགེ་རྒན་དང་སློབ་མ་མང་པོ་ཤེས་ཡོན་སྲིད་བྱུས་ཡོད་སའི་སློབ་གྲྭ་ཚོའི་ནང་གཟིགས་སྐོར་ལ་འགྲོ་ཡི་ཡོད་པ་རེད། ང་ཚོས་རིམ་པས་བོད་ཁྱིམ་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་དེ་ལག་ལེན་བསྟར་ཐུབ་པའི་རེ་བ་རྒྱག་གི་ཡོད་”ཅེས་གསུངས་སོང།
ཡང་ཁོང་གིས་བཙན་བྱོལ་ནང་གི་མི་འབོར་འཕེལ་རྒྱས་ཐད་གསུངས་དོན། བཙན་བྱོལ་ནང་གི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཧ་ཅང་ཉུང་དུ་འགྲོ་ཡི་འདུག རྩ་བའི་དངོས་གནས་དྲང་གནས་སྤྱི་ཚོགས་ནང་ང་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་རེད་འདུག དགོངས་པ་བཞེས་རོགས་གནང། དེ་སློབ་གྲྭ་གཅིག་པུའི་གནས་སྟངས་མ་རེད། དཔེར་ན་གདན་ས་གྲྭ་ཚང་སོགས་ཕྱོགས་གང་སར་དེའི་དཀའ་ངལ་དེ་འཕྲད་ཀྱི་འདུག ང་ཚོའི་མ་འོངས་པའི་རྩ་དོན་རྩོད་མཁན་ལ་བསམ་བློ་ཐོངས་དང་། བོད་ནང་ནས་ཚུར་ཕེབས་པར་གང་འདྲ་དཀའ་ལས་ཁག་པོ་ཆགས་ཀྱི་འདུག དེང་སང་ཧ་ལམ་གཅིག་ཀྱང་ཕེབས་མི་ཐུབ་པ་འདྲ་བོ་འདུག དེ་འདྲ་ཡིན་དུས་ང་ཚོ་ཧ་ལམ་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་ཆགས་ཀྱི་འདུག བུ་ཕྲུག་ལོ་རེ་ནས་ཉུང་དུ་འགྲོ་ཡི་འདུག གང་མཚམས་ཤིག་ནས་མེད་པ་ཆགས་པའི་ཉེན་ཁ་འདུག དེར་བརྟེན་སྤྱི་ཚོགས་ལ་བསམ་བློ་གཏོང་དགོས་ཀྱི་འདུག ངའི་ངོས་ནས་འགྲོ་ལུགས་འདུག་སྟངས་འདི་རེད་ཅེས་བཤད་ཤེས་ཀྱི་མི་འདུག་སྟེ། གང་ལྟར་འགྲོ་ལུགས་ཤིག་གི་ཐོག་ནས་འགྲོ་དགོས་ཀྱི་འདུག་མ་གཏོགས་གཞན་ང་རང་ཚོའི་སྤྱི་ཚོགས་ནང་དངོས་གནས་དཀའ་ངལ་ཆེན་པོ་འཕྲད་ངེས་རེད་འདུག་”ཅེས་གསུངས་སོང་།
ཁོང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནང་སྟངས་སྐོར་ལ་གསུངས་དོན། བཙན་བྱོལ་མང་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ཏན་ཏན་དགོངས་པ་བཞེས་དགོས་ཀྱི་འདུག བོད་ནང་ཧ་ཅང་ཛ་དྲག་ཆགས་ཀྱི་འདུག ད་ལྟའི་བར་བོད་མི་༡༢༡ ཙམ་གྱི་རང་ལུས་མེར་སྲེག་བཏང་ཡོད་པ་རེད། དེ་ཚང་མས་གསོན་པོ་སྡོད་རྒྱུ་ལས་ཤི་ན་དགའ་ཡི་འདུག་དགོངས་ནས་ལམ་དེ་བདམས་པ་རེད། དེ་འདྲའི་གནས་སྟངས་ཡོད་དུས། བརྗོད་མི་ཐུབ་པའི་དཀའ་ངལ་ཞིག་ཡོད་པ་ང་ཚོས་ཞུ་མ་དགོས་པ་རེད། དེ་འདྲ་ཡིན་ན་ང་ཚོའི་ག་རེ་བྱེད་དགོས་པ་རེད་དྲན་ན། སོ་སོའི་ངོས་ནས་ག་རེ་ཐུབ་ཀྱི་ཡོད་པ་དེ་སྒྲུབ་དགོས་པ་རེད། དཔལ་འབྱོར་ཡོད་མཁན་ཚོའི་དཔལ་འབྱོར་བཏང། དུས་ཚོད་ཡོད་མཁན་ཚོའི་དུས་ཚོད་བཏང་ནས་རྩ་དོན་སྒྲུབ་དགོས་པ་རེད། གཞུང་གིས་བཀོད་ཁྱབ་གང་ཡོད་པ་དེའི་ཐོག་མཉམ་ཞུགས་གནང་ཐུབ་པའི་འབད་བརྩོན་བྱེད་དགོས་པ་དང་། སོ་སོས་ག་རེ་བྱེད་ཐུབ་མིན་ལ་མ་ལྟོས་པར་ད་ལྟའི་ཛ་དྲག་གི་གནས་སྟངས་ཆགས་ཀྱི་ཡོད་པ་ངོ་ཤེས་པའི་ཐོག་ནས་སེམས་ནང་ཚོར་བ་ཡོད་པ་རེད་”ཅེས་སོགས་གསུངས་སོང་།
དེའི་རྗེས་སུ་དྲི་བ་དྲིས་ལན་གྱི་སྒོ་ནས་མི་མང་གི་བསམ་ཚུལ་བསྡུ་ལེན་ཡང་གནང་སོང་།
མོན་གྷོ་གསར་འགོད་པས།