ཆབ་མདོ་ཁུལ་དུ་ས་ཡོམ།

2013_8_15

ཉེ་ཆར་བོད་ཤར་ཕྱོགས་ཆབ་མདོ་ཁུལ་དུ་ས་ཡོམ་ཤུགས་ཆེན་ཞིག་བརྒྱབ་སྟེ་མི་༨༧ ལ་རྨས་སྐྱོན་དང་།  དེ་བཞིན་ཁང་པ་༤༥༠༠༠ ཙམ་དང་ཟམ་པ་དང་ལམ་ཁ་མང་པོ་ཞིག་གཏོར་བཤིག་བཏང་ཡོད་འདུག་ན་ཡང་མིའི་སྲོག་ཤོར་མེད་པ་རེད་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༡ ཉིན་བོད་ཤར་ཕྱོགས་ཆབ་མདོ་ཁུལ་གྱི་མཛོ་སྒང་དང་སྨར་ཁམས་གཉིས་ཀྱི་ས་མཚམས་སུ། ས་ཡོམ་ཤུགས་ཚད་ཀྱི་རིམ་པ་༦. ༡ ཅན་ཞིག་བརྒྱབ་སྟེ་མི་༨༧ ལ་རྨས་སྐྱོན་དང་།  གྲོང་གསེབ་ཁག་གི་ཁང་པ་༤༥༠༠༠ ཙམ་དང་ཟམ་པ་དང་ལམ་ཁ་མང་པོ་ཞིག་གཏོར་བཤིག་བཏང་སྟེ་གནོད་སྐྱོན་ཚབ་ཆེན་བཟོས་ཡོད་འདུག་ན་ཡང་མིའི་སྲོག་ཤོར་མེད་པ་རེད། ཐེངས་འདིའི་གོད་ཆག་ཕོག་ཡུལ་གཙོ་བོ་དེ་མཛོ་སྒང་རྫོང་ཁོངས་ཐེམ་ཐོག་ཡུལ་ཚོ་དང་རི་མགོ་ཡུལ་ཚོ་ཟེར་བའི་ཆ་ས་དེ་གཉིས་ཡིན་པ་དང་། དེ་གཉིས་ཀྱི་ནང་ནས་ཀྱང་དམར་མདའ་གྲོང་དང་། ག་ཡུལ། མདོ་པ་ཟེར་བའི་གྲོང་པ་དེ་ཚོར་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག་ལ། གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་ན་ས་ཡོམ་བརྒྱབ་སྟེ་ཉིན་ཤས་སོང་ཡོད་ཀྱང་གནོད་ཐེབས་ས་ཁུལ་གྱི་ཡུལ་མི་ཚོ་ད་དུང་ཡང་སྡོད་ཁང་གི་ཕྱི་ལོགས་སུ་བསྡད་ཡོད་པ་རེད་འདུག

2013_8_15_5ས་ཡོམ་དེས་ལམ་ཁ་དང་ཁང་པ་མང་པོ་ཞིག་གཏོར་བཤིག་བཏང་ཡོད་པར་བརྟེན་གནོད་སྐྱོན་ཕོག་སའི་མི་མང་ཚོར་ལམ་སང་རོགས་རམ་བྱེད་མཁན་མེད་པའི་དཀའ་ངལ་འཕྲད་ཡོད་འདུག་པ་དང་། ཆབ་མདོ་ཁུལ་གྱི་ལམ་བཟོ་འཛུགས་སྐྲུན་རུ་ཁག་གི་མགོ་འཛིན་གཞོན་པ་ཝ་ཧྥོ་ཁ་ཡིས་གསར་འགོད་པ་ཚོར་ལམ་ཁ་དེ་ཚོ་ཚང་མ་བསྐྱར་དུ་བཟོས་ཏེ་མི་མང་ཚོེར་སྐྱོབ་གསོ་དབོར་འདྲེན་བྱེད་ཐུབ་པ་བཟོས་ཡོད་སྐོར་བརྗོད་ཡོད་པ་རེད།

ས་ཡོམ་གྱི་གོད་ཆག་ཕོག་ཡུལ་གྱི་ཡུལ་མི་མང་པོ་ཞིག་ས་གནས་གཞན་པར་གནས་སྤོས་བྱེད་དགོས་བྱུང་ཡོད་པར་བརྟེན། རྒྱ་གཞུང་གིས་ཁོང་ཚོར་རོགས་རམ་བྱེད་དགོས་བྱུང་ཡོད་པ་རེད་འདུག་ལ། དེ་བཞིན་རྒྱ་གཞུང་གིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཕོག་སའི་མི་མང་ཚོར་ལོ་གཅིག་གི་རིང་ཉི་མ་རེར་རྒུད་སྐྱོབས་རོགས་རམ་རྒྱ་སྒོར་༡༠ རེ་སྤྲོད་རྒྱུ་དང་། དེ་བཞིན་ཁང་པ་ཆ་ཚང་གཏོར་བཤིག་དང་ཡང་ན་གནོད་འཚེ་ཆེན་པོ་ཕོག་པའི་མི་མང་ཚོར་རྒྱ་སྒོར་༡༧༠༠༠་དང་། ཡང་ཁང་པར་གནོད་སྐྱོན་ཆེན་པོ་ཕོག་མེད་མཁན་གྱི་རིགས་ལ་རོགས་སྐྱོར་རྒྱ་སྒོར་༣༠༠༠ ཙམ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག གཞན་ཡང་རྒྱ་ནག་དབུས་གཞུང་སྤྱི་བདེ་ལས་ཁུངས་ཀྱིས་ས་ཡོམ་གྱིས་གོད་ཆག་ཕོག་སའི་མི་མང་ཚོར་གུར་༣༠༠༠ དང་། ཉལ་ཁྲི་༣༠༠༠། མལ་ཆས་༣༠༠༠ དེ་བཞིན་རས་ཆ་སོགས་ཀྱི་རོགས་སྐྱོར་དང་། སི་ཁྲོན་ཞིང་ཆེན་གྱི་ངོས་ནས་ཀྱང་གུར་༡༢༠༠ དང་། མལ་ཆས་དང་ཟ་ཆས་སོགས་ཀྱི་རོགས་རམ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག