བོད་ཀྱི་གཞས་པ་ཞིག་འཇུ་བཟུང་།
བོད་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་གླུ་བ་སྐལ་བཟང་ཡར་འཕེལ་༢༠༡༢ ལོའི་བོད་ཟླ་༡༠ དང་༡༡ བཅས་སྔ་ཕྱིར་བོད་རིགས་ཡོངས་ཀྱིས་ཕ་སྐད་གཙང་མ་བཤད་པར་སྐུལ་སློང་གི་རིག་རྩལ་སྤྲོ་ཚོགས་ཆེན་མོ་༼ཁ་བའི་མེ་ཏོག་༽ཞེས་པའི་དགོང་ཚོགས་སྟེང་།
༼བོད་པ་ཚོ་༽ཞེས་པའི་གླུ་དབྱངས་བླངས་ཡོད་པ་དེ། རྒྱ་ནག་གཞུང་གིས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག དེ་སྔོན་ཁོང་ལྷ་སར་ཐེངས་ཁ་ཤས་བཀག་ཉར་འདྲི་རྩད་བྱས་ཡོད་པ་མ་ཟད། འདི་ལོའི་ཟླ་༧ ཚེས་༡༤ ཡས་མས་སུ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་བདེ་འཇགས་ཚན་པས་ལྷ་ས་གྲོང་ཁྱེར་དུ་ཡང་བསྐྱར་འཛིན་བཟུང་བྱས་ཏེ། ད་ཆ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག
སྐལ་བཟང་ཡར་འཕེལ་ནི། རྨ་ཆུ་རྫོང་རྨ་ཁུག་རྟ་རར་སྐྱེས་པ་དང་། ཕ་མིང་ལ་མགོན་པོ་ཚེ་བརྟན་དང་མ་མིང་ལ་མ་ཁོ་ཞུ་ཡི་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་ཚེ་འཛིན་དཔལ་མོ་ཞུ་བ་དང་། ད་ལྟ་རང་ལོ་༣༨ ཡིན་འདུག ཁོང་ལ་བུ་ཕྲུག་གསུམ་ཡོད་འདུག །
