ཨི་ཇིབ་ཁ་ཆེ་སྤུན་ཚོགས་ཀྱིས་བསྐྱར་དུ་ངོ་རྒོལ་བྱེད་འཆར།

ཨི་ཇིབ་ཀྱི་རྒྱལ་ས་ཁའེ་རོ་ནང་གི་སྲིད་འཛིན་ཟུར་པ་མཱར་ཞ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རེས་གཟའ་པ་སངས་ཉིན་གྱི་ཁ་ཆེའི་མཆོད་འབུལ་གྲུབ་པའི་རྗེས། བསྐྱར་དུ་ངོ་རྒོལ་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ལུགས་བསྒྲགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༡༤ ཉིན་ཨི་ཇིབ་ཀྱི་དམག་གིས་སྲིད་འཛིན་ཟུར་པ་མཱར་ཞ་ལ་རྒྱབ་སྐྱོར་བའི་སྡོད་སྒར་ཡོངས་སུ་གཙང་བཟོས་བྱས་ཏེ།  ཟིང་འཁྲུག་གི་དོན་རྐྱེན་དེའི་ཁྲོད་མི་༦༣༨ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། གཞི་རྒྱ་ཆེ་བའི་དམར་གསོད་ཀྱི་དོན་རྐྱེན་དེ་བྱུང་ནས་ཉིན་གཉིས་སོང་བའི་རྗེས་ཀྱི་རེས་གཟའ་པ་སངས་ཉིན་ཡང་བསྐྱར་གཞི་རྒྱ་ཆེ་བའི་ངོ་རྒོལ་འདུ་འཛོམས་ཤིག་བྱེད་རྒྱུ་ཡིན་ལུགས་བསྒྲགས་ཡོད་འདུག

རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས་ཨི་ཇིབ་བར་བརྒལ་སྲིད་གཞུང་གི་དམག་མིས་ངོ་རྒོལ་བའི་སྡོད་སྒར་རྩ་མེད་བཏང་བ་དང་། དྲག་པོའི་བཙན་གནོན་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཟླ་རྗེས་མའི་ནང་འཚོག་གཏན་ཁེལ་བའི་མཉམ་འབྲེལ་དམག་སྦྱོང་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་དང་། རྒྱལ་ཁབ་ཀྱི་མི་སེར་དམར་གསོད་གཏོང་སྐབས་ཨ་རིའི་ཕྱོགས་ནས་རྒྱལ་ཁབ་དེ་དང་མུ་མཐུད་དུ་མཉམ་འབྲེལ་བྱེད་ཐབས་མེད་ཅེས་བརྗོད་ཡོད། ཡིན་ནའང་ཨ་རིས་ཨི་ཇིབ་ལ་རོགས་སྐྱོར་བྱེད་བཞིན་པའི་ཨ་སྒོར་དུང་ཕྱུར་༡༣ གྱི་མ་གནས་མཚམས་འཇོག་བྱེད་རྒྱུ་ཡིན་ཞེས་ཁ་གསལ་བརྗོད་མེད་པ་རེད།

དེ་བཞིན་ཨི་ཇིབ་བར་བརྒལ་སྲིད་འཛིན་གྱིས་རེས་གཟའ་པ་སངས་ཉིན་གྱི་ཞོགས་པར་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། སྲིད་འཛིན་ཨོ་བྷ་མའི་སྐྱོན་བརྗོད་དེ་དངོས་ཡོད་གནས་ཚུལ་ལ་གཞིར་བཟུང་ནས་བཤད་པ་ཞིག་མིན་པ་མ་ཟད། དྲག་པོའི་ངོ་རྒོལ་ཤོག་ཁག་ལ་བློ་སྟོབས་སྤར་བྱེད་ཅིག་ཆགས་ཡོད་པ་རེད་ཅེས་ལན་འདེབས་བྱས་ཡོད་འདུག