སྣོད་བཅུད་གཉིས་ལ་དྲག་གནོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༥༢ ཕྱི་ལོ་ ༢༠༡༣/༨/༢༡
སྤྱིར་བོད་ནང་དུ་ཛ་དྲག་གི་གནས་སྟངས་མུ་མཐུད་དུ་གནས་ཡོད་པ་དང། བྱེ་བྲག་ད་ལྟའི་ཆར་བོད་ནང་གི་ཛ་དྲག་ཆེ་ཤོས་ནི་རྫ་སྟོད་རྫོང་གི་ས་གནས་ཁག་ཅིག་ཏུ་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་དང། དེ་ལ་ས་གནས་མི་མང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཞི་བའི་འབོད་སྐུལ་བྱས་པར་དྲག་གནོན་བྱས་པའི་གནས་ཚུལ་དེ་ཆགས་ཡོད།

གནད་དོན་འདིའི་ཐོག་ནས་བལྟས་ཚེ་མི་མང་ལ་དྲག་གནོན་བྱས་པ་དང། ཁོར་ཡུག་རྩ་གཏོར་གཏོང་བཞིན་པ་ནི་ཕྱོགས་གཅིག་ནས་ཧ་ཅང་གི་གནས་སྟངས་ཛ་དྲག་ཅིག་ཏུ་གྱུར་ཡོད་པ་དང། ཕྱོགས་གཅིག་ནས་བོད་ནང་དུ་གཏེར་ཁ་སྔོག་འདོན་ཚོད་མེད་བྱེད་བཞིན་པ་ནི་སྤྱིར་བཏང་གི་གནས་ཚུལ་ལྟ་བུར་གྱུར་ཡོད་ཀྱང། ད་ལན་མི་མང་གིས་གཏེར་ཁ་སྔོག་འདོན་མི་བྱེད་པའི་ཆེད་དུ་ཞི་བའི་འབོད་སྐུལ་ཞུས་པར་རྒྱ་གཞུང་གིས་དྲག་གནོན་བྱས་པ་དེ་ཆགས་ཡོད། འོན་ཀྱང་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་ལ་ཞི་བའི་འབོད་སྐུལ་ཞུས་པར་དྲག་གནོན་བྱས་པ་ཐོག་མའང་གཏན་ནས་མིན།

རྒྱ་གཞུང་གི་བོད་ཀྱི་ས་གནས་མང་པོ་ཞིག་ཏུ་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་དང། གཏེར་ཁ་སྔོག་འདོན་བྱས་པའི་ཡོང་འབབ་དང་ཁེ་བཟང་ཡང་ས་གནས་མི་མང་ལ་གཏན་ནས་རག་གི་མེད་པར། ཚང་མ་རྒྱ་གཞུང་གི་བདག་གིར་འཛིན་བཞིན་ཡོད་པ་རེད། རྒྱ་གཞུང་གིས་ལོ་བཅུ་གྲངས་ཙམ་ནས་འབྲོག་པ་རྣམས་བཙན་གྱིས་གནས་སྤོས་གཏོང་བ་དང། ནོར་ལུག་ཉུང་དུ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པའི་རྒྱབ་ལྗོངས་གཙོ་བོ་གཅིག་འབྲོག་ས་དག་ཏུ་གཏེར་ཁ་སྔོག་འདོན་བྱེད་པའི་ཆེད་དུ་ཡིན་འདུག་པ་ལྟར། ད་ཆ་འབྲོག་པ་གནས་སྤོས་བྱས་ཟིན་པའི་ས་སྟོང་ཕལ་མོ་ཆེར་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་འདུག སྲིད་བྱུས་འདི་དག་གི་རྒྱབ་ལྗོངས་ནི་བོད་ཀྱི་གཏེར་ཁ་སྔོག་འདོན་བྱས་ནས་རྒྱ་ཡུལ་ཕྱུག་པོར་བསྒྱུར་བ་དང། བོད་མི་རྣམས་རང་གི་ས་ཆ་རུ་གནས་མི་ཐུབ་པ་མ་ཟད། འཚོ་བ་རང་སྐྱ་འཕེར་བ་ཞིག་མེད་པ་བཟོས་ཟིན་པའི་རྗེས་སུ་བོད་མི་རིགས་ཀྱི་ངོ་བོ་བསྒྱུར་སླ་བའི་ཆེད་དུ་དམིགས་ཡོད་པ་རེད།

བོད་ཡུལ་གྱི་གྲོང་དང་གྲོང་ཁྱེར་ཁག་ཏུ་འཛུགས་སྐྲུན་ཡར་རྒྱས་ཀྱི་རྣམ་པ་མང་དག་ཅིག་མཐོང་རྒྱུ་ཡོད་ཀྱང། དེ་དག་རྒྱ་མི་རིགས་བོད་ནང་དུ་གནས་སྡོད་ཐུབ་ཆེད་འབའ་ཞིག་ཏུ་དམིགས་ཡོད་པ་ལས། བོད་མི་རིགས་ཀྱི་བདེ་སྡུག་ལ་འགན་ཁུར་བླངས་ནས་ཡར་རྒྱས་བཏང་བ་ཞིག་ཏུ་གྱུར་མེད་པ་ཡོངས་གྲགས་ཆགས་ཟིན། དེར་བརྟེན་གནད་དོན་འདི་དག་གི་སྔ་རྗེས་གང་ལ་བལྟས་ཀྱང་རྒྱ་ནག་གཞུང་ལ་བོད་ཀྱི་གཏེར་ཁ་དགོས་པ་ལས། བོད་མི་རིགས་མི་དགོས་པ་དང། བོད་ནང་དུ་རྒྱ་རིགས་གནས་སྤོས་དང་གཞིས་ཆགས་བྱེད་ཐུབ་ཐབས་སུ་འཛུགས་སྐྲུན་བྱེད་པ་ལས། བོད་མི་རིགས་ཀྱི་འཚོ་བ་ཡར་རྒྱས་གཏོང་བའི་འཛུགས་སྐྲུན་བྱས་པ་ཞིག་ཕལ་ཆེར་མེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུར་གྱུར་ཡོད། གནད་དོན་འདི་དག་ལ་བརྟེན་ནས་མི་རིགས་ཀྱི་ཐོག་ནས་དབྱེ་འབྱེད་དང། དཔལ་འབྱོར་གྱི་ཐོག་ནས་བཤུ་གཞོག རིག་གཞུང་གི་ཐོག་ནས་རྩ་མེད། ཁོར་ཡུག་གི་ཐོག་ནས་རྩ་གཏོར་གཏོང་བའི་སྲིད་བྱུས་ལ་མ་བཟོད་ནས་བོད་ནང་དུ་ཞི་རྒོལ་རིམ་པ་བྱུང་བ་དང། རང་ལུས་མེ་རུ་སྦར་ནས་ཞི་རྒོལ་བྱེད་མཁན་ཡང་བརྒྱ་དང་ཉི་ཤུ་ལྷག་བྱུང་ཟིན་པ་རེད།

བོད་ནང་གི་ཛ་དྲག་གནས་ཚུལ་བྱུང་རིམ་བཞིན་བཙན་བྱོལ་ཁྲོད་ནས་རྒྱལ་སྤྱིའི་སྟེང་དུ་ལས་འགུལ་སྤེལ་དགོས་པ་གལ་ཆེ་ལ། དེ་ཡང་སྤྱི་ཡོངས་རགས་པ་ཙམ་གྱི་ཐོག་ནས་ཙམ་མ་ཡིན་པར་དུས་སྐབས་སོ་སོར་གནད་དོན་བྱེ་བྲག་པ་དམིགས་སུ་བཀར་ནས། གནས་ཚུལ་གྱི་བརྒྱུད་རིམ་གསལ་སྟོན་དང་འབྲེལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་སྤེལ་དགོས་ཀྱང་དེའི་ཚོད་ཀྱིས་འདེང་ངེས་ཤིག་བྱུང་མ་ཐུབ་པའི་གནས་ཚུལ་ཡང་བྱུང་མྱོང། དཔེར་ན་བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་སྒེར་ངོས་ནས་རྒྱུ་ཚེགས་གཉིས་ཐད་ནས་འགྲོ་གྲོན་མང་པོ་བཏང་སྟེ། རྨ་རྫ་འབྲི་གསུམ་ཁོར་ཡུག་ཚོགས་པ་གསར་འཛུགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བ་དང། རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་གང་མང་ཞིག་ཏུའང་མཉམ་ཞུགས་གནང་མྱོང་བའི་ཁོར་ཡུག་སྲུང་སྐྱོབ་པ་ཆེན་པོ། བོད་མི་རིགས་ཀྱི་ཆེད་དུ་བློས་གཏོང་གང་མང་བྱེད་མྱོང་བའི་རྒྱལ་གཅེས་པ་ཀརྨ་བསམ་གྲུབ་མཆོག་ལ་མ་ཉེས་ཁ་ཡོག་གིིས་འཛིན་བྱས་ནས་ཁྲིམས་ཐག་ལོ་༡༥ བཅད་ཀྱང་དེ་ལུགས་ཁོར་ཡུག་གི་གནད་དོན་རྩལ་དུ་བཏོན་ནས་ལས་འགུལ་སྤེལ་ཐུབ་མེད།

བོད་ནང་གི་བུད་མེད་ཀྱི་གནས་སྟངས་ཛ་དྲག་ཆགས་པའི་སྐབས་སུ་དེ་ལུགས་ཀྱིས་གནད་དོན་བྱེ་བྲག་པ་ཁག་གཙོར་འདོན་བྱེད་མ་ཐུབ་པའི་གནས་ཚུལ་ཡང་གང་མང་བྱུང་ཡོད། དེར་བརྟེན་ལས་འགུལ་ཁག་གི་ནུས་ཤུགས་དང་གྲུབ་འབྲས་ཀྱང་དམིགས་བསལ་མཐོང་མི་ཐུབ་པ་ལྟ་བུར་གྱུར་ཡོད། རྒྱལ་སྤྱིའི་ཁྲོད་དུ་ཤུགས་རྐྱེན་དང་སེམས་འགུལ་ཐེབས་ཐུབ་པའི་ལས་འགུལ་སྤེལ་བར་གཙོ་བོ་གནད་དོན་སྤྱི་ཡོངས་རགས་པ་ཙམ་མིན་པར། བྱེ་བྲག་པ་ཁག་གསལ་སྟོན་གྱི་ཐོག་ནས་སྤྱི་ཡོངས་ཀྱི་གནས་ཚུལ་མཚོན་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེ་ལ། དེ་ལྟ་བུ་བྱེད་མ་ཐུབ་པའི་སྐབས་སུ་ལས་འགུལ་མང་པོ་ཞིག་སྤེལ་ཡང་རྣམ་པ་ཙམ་དུ་འགྱུར་ངེས་རེད། སླད་ཕྱིན་བོད་ནང་དུ་གནས་ཚུལ་ཛ་དྲག་བྱུང་བའི་སྐབས་སུ་གནད་དོན་དེ་དག་གཙོར་འདོན་གྱིས་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོར་གྱུར་ཡོད། འོན་ཀྱང་མི་ཡུལ་ལུང་པར་གནས་སྡོད་བྱས་ཡོད་པས་ཁོར་ཡུག་གི་གནས་སྟངས་དང་སྲིད་བྱུས་ཀྱི་དབང་གིས་སྤེལ་མི་ཐུབ་པའང་ཆགས་ཡོད་སྲིད་པ་རེད།།