བོད་མི་རིགས་ཀྱི་ཆགས་འཇིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༠༠ ཕྱི་ལོ་ ༢༠༡༤/༧/༢༣
བོད་མི་རིགས་ཀྱི་ཆགས་འཇིག་ཅེས་བརྗོད་པའི་སྐབས་སུ་བརྗོད་གཞི་རྒྱ་ཆེ་བ་དང་གནད་དོན་གྲངས་མང་བ་ཞིག་ཡིན་ནའང། གཙོ་བོ་སྐབས་སུ་བབ་པ་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཤི་གསོན་ཆགས་འཇིག་དང་འབྲེལ་བའི་སྐོར་རགས་ཙམ་གླེང་ན། ད་ལྟའི་དུས་འདིར་མི་རིགས་གཅིག་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱལ་ཁབ་གཅིག་པ་ཡིན་པའི་ངེས་པ་མེད་ལ། སྐད་ཡིག་གཅིག་པ་ཡིན་པའི་རྒྱུ་མཚན་གྱིས་རྒྱལ་ཁབ་གཅིག་པ་ཡིན་པའི་ངེས་པ་དེ་བས་ཀྱང་མེད། མི་རིགས་ཤིག་གནས་དང་མི་གནས་ཀྱི་རྐྱེན་རྩ་གཙོ་བོ་མི་རིགས་རང་ཉིད་ཀྱི་སྐད་ཡིག་རིག་གནས་ཡུན་གནས་ཐུབ་མིན་གྱི་གནད་དོན་ལ་ཐུག་ཡོད་ཚུལ་མཁས་བླུན་མང་པོས་གླུ་བརྒྱ་གདངས་གཅིག་གིས་བརྗོད་མྱོང་ཡོད་པ་དང། གནད་དོན་མང་པོ་ཞིག་གི་ཐོག་ནས་བལྟ་སྟངས་དེ་ཕལ་ཆེར་གནད་ལ་འཁེལ་བའི་སྐད་ཆ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད། འདས་པའི་ལོ་རྒྱུས་ནང་མི་རིགས་རང་ཉིད་ཀྱི་སྐད་ཡིག་རྒྱུད་འཛིན་མ་བྱས་པར་མི་རིགས་རྩ་མེད་དུ་གྱུར་པའི་ལོ་རྒྱུས་ནི་ཧ་ཅང་མང་པོ་ཡིན།

བོད་མི་རིགས་ཀྱི་ཆགས་འཇིག་སྐོར་ལ་སེམས་ཁུར་དང་དོ་སྣང་བྱེད་མཁན་མང་པོ་ཡོད་ལ། སེམས་གཏིང་ནས་སེམས་ཁུར་ཆེན་པོ་མེད་ཀྱང་དུས་རྒྱུན་ལྕེ་རྩེ་རུ་ཁུར་རྐྱང་བྱེད་མཁན་ཡང་གང་མང་ཞིག་ཡོད། གཙོ་ཆེ་ཤོས་བོད་མི་རིགས་ཀྱི་ཆགས་འཇིག་དང། བོད་རྒྱལ་ཁབ་སླར་གསོའི་ལས་དོན་གྱི་ཐོག་ནས་བཤད་ན་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ནི་ཚེ་སྲོག་གི་རྩ་བ་དང་ཟུངས་ཁྲག་གི་དྭངས་མར་གྱུར་ཡོད། དེར་བརྟེན་གནད་དོན་འདིའི་ཐོག་ལ་ཁ་གཡང་ཙམ་མ་ཡིན་པར་དོན་དངོས་ཀྱི་ཐོག་ནས་སེམས་ཁུར་དང་དོ་སྣང་ཆེན་པོ་ཞིག་བྱེད་མ་ཐུབ་པར་ཉམས་སོང་ན། དེ་ནས་བཟུང་བོད་མི་རིགས་ཀྱང་སའི་གོ་ལ་འདིའི་ཐོག་ནས་མིང་ཙམ་ལས་མེད་པར་འགྱུར་རྒྱུ་ཡིན་པ་ཧ་ཅང་གསལ་པོར་གྱུར་ཡོད། སྐད་དང་རིག་གནས་ཀྱི་ཐོག་ནས་རྒྱ་བོད་མི་རིགས་གཉིས་དབྱེ་འབྱེད་བྱེད་ཐུབ་པ་ལས། བཟོ་དབྱིབས་ཀྱི་ཐོག་ནས་ཁྱད་པར་གང་ཡང་མེད་པར་མི་རིགས་གཞན་དང་བསྡུར་ན་སྣ་ལེབ་ལེབ་དང་མིག་ཆུང་ཆུང་ཅན་གཅིག་མཚུངས་སུ་གྱུར་ཡོད།

གོང་དུ་བརྗོད་པ་བཞིན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་ཐད་ནས་འབད་བརྩོན་བྱེད་དགོས་པའི་བསམ་ཚུལ་ཤོད་མཁན་བོད་ཕྱི་ནང་གཉིས་སུ་མང་པོ་ཡོད་པ་དང། བཙན་བྱོལ་ནང་ནས་བོད་ནང་རྒྱ་གཞུང་གི་དམ་དྲག་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱེད་དབང་མེད་པར་ཉམས་ཆག་ཏུ་བྱིན་ཡོད་པའི་སྐྱོན་བརྗོད་དེར་རྒྱུ་མཚན་རེ་རེ་བཞིན་བགྲང་རྒྱུ་ཡོད་མེད་ཚང་མས་ཁ་ལ་རྒྱུན་འབྱམས་སུ་གྱུར་ཡོད་ལ། བོད་ནས་གསར་དུ་འབྱོར་བ་ཚོས་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་གྱི་ཐོག་ལ་ནུས་པ་མེད་པ་དང། བཙན་བྱོལ་ནང་སྐྱེས་འཚར་བྱུང་བའི་བོད་མི་ཕལ་མོ་ཆེར་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་དགའ་ཞེན་མེད་པ། བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཆུ་ཚད་ཐོག་ནས་ཀྱང་རང་རྐྱ་འཕེར་མཁན་ཧ་ཅང་དཀོན་པོ་ཡིན་པའི་བཤད་ཡམས་དེ་ཡོངས་ཁྱབ་ཏུ་གྱུར་ཡོད། དོན་དངོས་གནད་དོན་གཉིས་ཀའི་ཐོག་ནས་བསམ་བློ་བཏང་ན་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ཐད་ལ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་མཐོང་ཐུབ།

ཞིབ་ཕྲ་བལྟ་སྐབས་བཙན་བྱོལ་ནང་བོད་ཡིག་གི་ཐོག་ནས་འགན་ཁུར་མཁན་ཕལ་མོ་ཆེ་བོད་ནས་གསར་དུ་འབྱོར་བ་རྣམས་ཡིན་ལ། བོད་ནང་དུ་རྒྱ་གཞུང་གི་དམ་དྲག་འོག་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ཐད་ལ་དཀའ་ངལ་ཆེན་པོ་ཡོད། སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ལས་དོན་སྤེལ་བར་བརྟེན་བཙོན་ཁང་དུ་སྡོད་དགོས་བྱུང་བའང་མང་པོ་བགྲང་རྒྱུ་ཡོད། འོན་ཀྱང་བོད་ནང་དུ་བོད་ཀྱི་རིག་གནས་རྣལ་མ་ལ་སྦྱང་བརྩོན་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ་པའི་མི་སྣ་ཡང་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། དེ་ལ་བརྟེན་ནས་བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་ཤུགས་རྐྱེན་དང་གྲུབ་འབྲས་མི་དམན་ཙམ་ཐོབ་ཡོད་ཅེས་བརྗོད་ཆོག བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་རིག་གནས་རང་དབང་གི་ཐོག་ནས་སྦྱང་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ཆ་ཚང་ཡོད་ཀྱང། ནུས་པ་དེ་ཙམ་མ་ཐོན་པའི་རྒྱུ་མཚན་གཙོ་བོ་དེ་གང་ལ་ཐུག་ཡོད་མེད་ང་ཚོས་ངོས་འཛིན་གསལ་པོ་ཞིག་བྱེད་དགོས་པ་གལ་ཆེ་བར་སྣང།

བོད་ནང་རྒྱ་གཞུང་གིས་དབྱེ་འབྱེད་དང་དམ་དྲག་ཤུགས་ཆེ་བྱས་ནས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་ལར་ཞེན་ཆེན་པོ་སླེབས་པ་ཞིག་དང། བཙན་བྱོལ་ནང་རང་དབང་ཆེ་དྲགས་ནས་བོད་ཀྱི་སྐད་ཡིག་གི་གལ་གནད་ཐོག་ལ་སེམས་ཚོར་དེ་ཙམ་མ་སླེབས་པ་ལྟ་བུར་གྱུར་ཡོད་པ་མ་ཟད། འཚོ་ཐབས་ལ་ཐད་ཀར་ཕན་ཐོགས་མེད་པའི་ལོག་ཤེས་ཤིག་གིས་ཀྱང་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་བར་ཤུགས་རྐྱེན་ཐེབས་ཡོད་ཚོད་དུ་སྣང། སྤྱིར་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཧི་ལ་ཡའི་རི་རྒྱུད་སོགས་མང་པོ་ཡོད་ཀྱང། དེང་སྐབས་འབྲུག་པའི་རྫོང་ཁ་ཟེར་བ་དང། ལ་དྭགས་ཀྱིས་ཁ་སྐད་ཀྱིས་བྲིས་པའི་ཡི་གེ་སོགས་བརྡ་དག་གཞུང་ལུགས་དང་བསྟུན་མ་དགོས་པ་མང་པོ་ཞིག་ཐོན་ཡོང་གི་ཡོད་ལ། ཡི་གེ་དེ་བོད་ཡིག་རེད་ཅེས་བརྗོད་པ་ཙམ་གྱིས་ཅུང་མ་རངས་པའི་རྣམ་འགྱུར་སྟོན་མཁན་མང་པོ་མཐོང་རྒྱུ་ཡོད། དེ་ནི་བོད་ཀྱི་སྐད་ཡིག་ཁོ་རང་གི་གནས་ཚད་སྐྱོ་དྲགས་ནས་མིན་ཡང། བདག་པོ་རྒྱག་མཁན་གྱི་མི་རིགས་དེ་ཉམ་ཆུང་དྲགས་པས་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་བོད་པ་ཚང་མས་ཤུགས་རྒྱག་དགོས་པ་དང། བོད་ཀྱི་བང་ཆེན་གསར་ཤོག་ད་བར་འདོན་ཐེངས་༥༠༠ འདོན་སྤེལ་བྱས་པ་དང་མ་འོངས་པར་མུ་མཐུད་དུ་སྤེལ་དགོས་པའི་དམིགས་ཡུལ་གཅིག་འདི་ལ་ཐུག་ཡོད།།