ལོ་ལྔའི་ནང་བཙོན་པ་༡༧,༧༢༣ ལས་མང་བ་ཤི་བ།

ཟླ་འདིའི་ཚེས་༡༨ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བཏོན་པའི་སྙན་ཐོ་ཞིག་ནང་། ལོ་ལྔའི་ཁྲོད་སི་རི་ཡའི་གཞུང་གི་བཙོན་ཁང་ནང་བཙོན་པ་རྣམས་ལ་རྡུང་རྡེག་དང་མནར་གཅོད་འདྲ་མིན་བཏང་ནས། བཙོན་པ་༡༧,༧༢༣ ལས་མང་བའི་ཤི་ཡོད་སྐོར་བཀོད་ཡོད་འདུག

14011993_1232682250088975_1944365878_nསྙན་ཐོ་དེའི་ནང་དུ། སི་རི་ཡའི་གཞུང་གི་བཙོན་ཁང་ནང་སྡུག་སྦྱོང་མྱངས་མྱོང་མཁན་བཙོན་ཟུར་༦༥ ལ་བཅར་འདྲི་བྱས་ཏེ། སྡུག་སྦྱོང་མནར་གཅོད་ཀྱི་མྱོང་བ་བཀོད་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱལ་སྤྱིའི་ཚོགས་པ་ཁག་གིས་སི་རི་ཡའི་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་བྱས་འདུག ལྷག་པར་དུ་ཨ་རི་དང་ཨུ་རུ་སུ་གཉིས་ནི་སི་རི་ཡའི་ནང་འཁྲུག་དེ་ཞི་འཇམ་ཡོང་ཆེད་ཀྱི་གྲོས་མོལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པས། དེའི་ཐད་གྲོས་མོལ་བྱེད་རྒྱུ་ཛ་དྲག་དང་གལ་ཆེན་ཡིན་སྐོར་བརྗོད་འདུག

སི་རི་ཡའི་གཞུང་འཛིན་གྱི་སྲིད་འཛིན་བྷ་ཤར་ཨ་སཌེ་ལ་ངོ་རྒོལ་གྱེན་ལངས་ཕྱི་ལོ་༢༠༡༡ ལོའི་ཟླ་༣ པའི་ནང་འགོ་བཙུགས་པ་ནས་ཕྱི་ལོ་༢༠༡༥ ལོའི་ཟླ་༡༢ བར་དུ་བཙོན་པ་ཁྲི་༨ མ་ཟིན་ཙམ་སི་རི་ཡའི་གཞུང་གི་བཙོན་ཁང་ནང་ཤི་ཡོད་པས། རྩིས་བརྒྱབ་ན་ཉིན་རེར་མི་༡༠ ཙམ་དང་ཟླ་རེར་མི་༣༠༠ ལས་མང་བ་ཤི་ཡོད་འདུག དེ་བཞིན་བཙོན་པ་བུད་མེད་ཚོར་སྡུག་སྦྱོང་ཐོག་ལ་བཙན་གཡེམ་བཏང་བའི་གནས་ཚུལ་ཤིན་ཏུ་མང་པོ་འབྱུང་གི་ཡོད་འདུག

དཀྱིལ་ཤར་ཡུལ་གྲུ་དང་ཨ་ཧྥི་རི་ཀའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་གྱིས། “ལོ་ངོ་བཅུ་ཕྲག་ཁ་ཤས་སྔོན་དུ་སི་རི་ཡའི་གཞུང་གི་དམག་མིས་དགྲ་བོ་རྩ་མེད་བཟོ་ཐབས་སུ་སྡུག་སྦྱོང་ཚད་མེད་གཏོང་གི་ཡོད་པ་དང་། དེང་གི་ཆར་སི་རི་ཡའི་གཞུང་ལ་ཁ་གཏད་གཅོག་མཁན་རང་ཉིད་ཀྱི་མི་སེར་ཚོ་རྩ་མེད་བཟོ་ཆེད་དུ་སྡུག་སྦྱོང་ཚད་མེད་གཏོང་གི་ཡོད་པས། དེ་ནི་འགྲོ་བ་མིའི་རང་གཤིས་ལ་བྱ་ངན་སྤེལ་བ་ཞིག་རེད་”ཅེས་བརྗོད་འདུག

སི་རི་ཡའི་གཞུང་གིས་ཐེངས་མང་པོར་སྐྱོན་འཛུགས་དེའི་རིགས་ལ་ངོས་ལེན་བྱས་མེད་པ་རེད།  སི་རི་ཡའི་ནང་འཁྲུག་དེ་འགོ་བཙུགས་པ་དང་། དེའི་ཤུགས་རྐྱེན་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཁྱབ་ནས། འཇིགས་སྐུལ་རིང་ལུགས་པས་གོ་སྐབས་དམ་འཛིན་ཐོག་དམག་ཤུགས་ཆེ་རུ་བཏང་ཡོད་པ་རེད། དམག་འཁྲུག་གི་རྐྱེན་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བ་སླེབས་མཁན་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་གྲངས་འབོར་མང་ཤོས་དེ་ཆགས་ནས། སྐྱབས་བཅོལ་བར་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།