ཆབ་སྲིད་བཙོན་པ་གྲྭ་འཇམ་དབྱངས་ཕུན་ཚོགས་བཙོན་གྲོལ།
བོད་མདོ་སྨད་རྔ་བ་ཀིརྟི་དགོན་ནས་ཡིན་པའི་ཆབ་སྲིད་བཙོན་པ་གྲྭ་འཇམ་དབྱངས་ཕུན་ཚོགས་བཙོན་གྲོལ་ཐོབ་པར་མང་ཚོགས་ཀྱིས་དགའ་བསུའི་སྣེ་ལེན་ཞུས་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་ནས་ཡིན་པའི་གྲྭ་འཇམ་དབྱངས་ཕུན་ཚོགས་ཟི་ཁྲོན་ཞིང་ཆེན་མེན་ཡཱང་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༠༩ ལོའི་ཟླ་བ་༣ པའི་ཚེས་༣ ཉིན། གྲྭ་འཇམ་དབྱངས་ཕུན་ཚོགས་ལ་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། ༢༠༡༠ ལོའི་ཕྱི་ཟླ་༤ ཚེས་༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་༦ གི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། བཙོན་ཁང་ལ་འཇུས་ནས་ལོ་༧ ལྷག་ལ་བཙོན་འཇུག་བྱས་ཡོད་པ་རེད། ཁ་ཉིན་བཙོན་ཁང་ནས་གསང་སྟབས་ཀྱི་སྒོ་ནས་བཏང་སྟེ། ཁོང་གི་ནང་མིར་དགའ་བསུ་ཞུ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་རུང་། ནང་མི་དང་གཉེན་ཉེ། གྲོང་མི་སོགས་མང་ཚོགས་ཀྱིས་མཇལ་དར་སྒྲོན་འབུལ་བྱས་ཏེ་དགའ་བསུ་ཞུས་ཡོད་པ་མ་ཟད། སྤྲོ་སྐྱིད་ཀྱང་བཏང་ཡོད་འདུག
ད་དུང་ཁོང་གི་གཟུགས་པོ་སྐམ་པོ་ཆགས་ཚུལ་སོགས་ལུས་ཀྱི་གནས་སྟངས་ལ་དཔག་ན་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་ཡོད་པ་མངོན་ཡོད་ནའང་། གཟུགས་པོའི་གནས་སྟངས་ཞིབ་ཚགས་ཤེས་རྟོགས་ཐུབ་མེད་པ་རེད།
༢༠༠༩ ལོར་རྔ་པ་ཀིརྟི་དགོན་པའི་བཀྲ་བྷེས་རང་ལུས་མེར་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་པའི་གནས་ཚུལ་དེ་འཇམ་དབྱངས་ཕུན་ཚོགས་ཀྱིས་རྫུན་བཟོ་བྱས་པ་ཡིན་ཚུལ་ཁོ་རང་གིས་ཁས་བླངས་སོང་ཞེས་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་དྲ་བའི་ཐོག་ལ་ཐེངས་ཁ་ཤས་སྤེལ་བའི་གནས་ཚུལ་བྱུང་ཡོད་པ་དང་། ལོ་དེའི་ནང་རྔ་པའི་བོད་དོན་ལས་འགུལ་བ་དང་མང་ཚོགས་འགའ་རེར་གནོན་ཤུགས་སྤྲད་དེ་རྒྱ་ནག་གཞུང་ལ་ནོར་འཁྲུལ་མེད་པ་དྲིལ་བསྒྲགས་བྱེད་བཅུག་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
