རྡོ་རྫོང་རིན་པོ་ཆེའི་དགོངས་རྫོགས་དང་འབྲེལ་བའི་མཆོད་འབུལ་སྨོན་ལམ།
བོད་མེ་བྱ་ལོ་སར་ཚེས་གཉིས་ཏེ་༢༠༡༧ ལོའི་ཟླ་༢ ཚེས་༢༨ ཉིན་ཐའེ་ཝན་རྒྱལ་ས་ཐའེ་པེ་རུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་ཐའེ་ཝན་གནས་བཞུགས་བོད་རྒྱའི་དགེ་འདུན་པ་དང་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་རྣམ་པའི་དབུས། མི་མང་བརྒྱ་ཕྲག་གཉིས་ལ་ཉེ་བ་འདུ་འཛོམས་ཀྱིས་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེའི་དགོངས་རྫོགས་དང་འབྲེལ་བའི་མཆོད་འབུལ་སྨོན་ལམ་ཞིག་འཚོགས།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཞིབ་འཇུག་ཚོགས་པའི་ངོས་ནས་ལས་རིམ་འདི་འདྲ་ཞིག་གོ་སྒྲིག་དགོས་པའི་རྒྱུ་མཚན་ཐད་ཚོགས་གཙོ་ཧ་ཤེན་རིན་པོ་ཆེས་གསུང་དོན། གཅིག་ན་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ཞིང་གཤེགས་དམ་པ་ཁོང་ནི་བོད་བརྒྱུད་ནང་བསྟན་སྤྱི་དང་། ཁྱད་པར་དུ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་ཆེན་གལ་ཆེན་ཞིག་ཡིན་པ་དང་། གཉིས་ནས་ད་ཐེངས་རིན་པོ་ཆེ་ཐའེ་ཝན་དུ་སྐུ་གཤེགས་པ་ཡིན་སྟབས་ཐའེ་ཝན་གནས་བཞུགས་རང་ཅག་བོད་བརྒྱུད་ནང་པའི་དགེ་འདུན་པ་དང་འབྲེལ་ཡོད་ཚོགས་པ་ཁག་ལ་མཚོན་རང་བཞིན་གྱིས་འགན་འཁྲི་ཞིག་ཆགས་ཀྱི་ཡོད། ང་ཚོའི་ལས་རིམ་འདི་འདྲ་བརྒྱུད་ནས་༧གོང་ས་ཐམས་ཅད་མཁྱེན་པ་སོགས་བླ་མ་རྣམ་པའི་དགོངས་བཞེད་ལྟར། ཆོས་བརྒྱུད་ཕན་ཚུན་བར་སྔར་ལས་ལྷག་པའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སེམས་ཐག་ཉེ་རུ་གཏོང་ཐུབ་པ། དཀའ་ངལ་གྱིས་སྐབས་སུ་ཕན་ཚུན་རོགས་རེས་ཞུ་བ་སོགས་ཀྱི་ཐད་ལ་བཟང་ཕྱོགས་ཀྱི་ནུས་པ་ཐོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་དང་།
ཡང་ཁོང་གིས། ཞིབ་འཇུག་ཚོགས་པའི་ངོས་ནས་ཁོང་གི་འབྲེལ་ཡོད་སློབ་འབངས་སོགས་ལ་ཡང་གོ་སྐབས་འདི་བརྒྱུད་ནས་གདུང་ཚོར་ཆེན་པོས་ཐུགས་གསོ་ཞུ་བཞིན་ཡོད་ལ། ང་ཚོའི་འདི་བཞིན་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་པར་ཆོས་རྒྱལ་རིན་པོ་ཆེ་སོགས་ཁོང་གི་སྐུ་བཅར་དག་གིས་ཀྱང་ཐུགས་མཉེས་པོ་བྱུང་ཡོད་པའི་གསུང་ལན་འབྱུང་བར་ཧ་ཅང་དགའ་སྤྲོ་བྱུང་། གང་ཡིན་ཟེར་ན། དེ་ནི་ཁོང་རྣམ་པར་དམིགས་བསལ་མྱ་ངན་གྱིས་གནོན་བཞིན་པའི་ངོས་ནས་བོད་པ་གཅིག་པ་དང་། ཆོས་གྲོགས་གཅིག་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཁོང་རྣམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་ཆུང་ཆུང་ཞིག་ཞུ་ཐུབ་སོང་བ་མཚོན་གྱི་ཡོད་པ་རེད། ཅེས་གསུངས།
༧སྐྱབས་རྗེ་རྡོ་རྫོང་སྐུ་ཕྲེང་བརྒྱད་པ་ངག་དབང་ཡོན་ཏན་ཆོས་ཀྱི་ཉི་མ་ཐའེ་ཝན་དུ་སྐུ་གཤེགས་ཤིང་། གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་དང་། གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་སོགས་གདོང་མཆོད་སོགས་ཀྱི་འབྲེལ་ཡོད་གནད་ཡོད་དག་བརྒྱུད་ནས་ཁོངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རིན་པོ་ཆེ་སྐུ་གཤེགས་ནས་ཉིན་ཞག་ཉི་ཤུ་རྩ་དྲུག་ཟིན་པའི་ཁར་རྩང་ཡང་སྔར་བཞིན་སྐུ་ལས་ཀྱི་མདངས་མ་ཡལ་བ་སོགས་ཀྱི་རྟགས་མཚན་གསལ་པོས་ཐུགས་དམ་ལ་བཞུགས་མུས་ཡིན་འདུག་པ་དང་། ཉེ་ཆར་གྲུབ་དབང་ཚོགས་གཉིས་རིན་པོ་ཆེས་མཚམས་སྦྱོར་འབྲེལ་བཤད་གནང་བའི་སྐུ་གདུང་གནས་སྟངས་སྐོར་གྱི་བརྙན་ཐུང་དུམ་བུ་ཞིག་ཕྱིར་བསྒྲགས་བྱུང་བར་སྐྱེ་བོ་ཁྲི་འབུམ་མང་པོས་ཧ་ཅང་དོ་སྣང་ཆེན་པོ་ཞུས་ཡོད་འདུག
དེ་ཡང་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་མཆོག་ནི་སྤྱི་ལོར་༡༩༤༢ མདོ་ཁམས་གོ་འཇོ་ཞེས་པའི་ས་གནས་སུ་ཡབ་སྐལ་བཟང་དབང་ཕྱུག་དང་། ཡུམ་འཛོམ་བྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་འཁྲུངས་པའི་ཉིན་སྐུ་གོང་མའི་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེ་སྐུ་ཕྲེང་བདུན་པས་ལུང་བསྟན་གསལ་པོ་གནང་བ་དང་མཐུན་པར། ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ་དང་འབྲི་གུང་ཨ་མགོན་རིན་པོ་ཆེ་བཅས་ནས་ཀྱང་མགྲིན་དབྱངས་གཅིག་གྱུར་གྱིས་ལུང་བསྟན་དང་ངོས་འཛིན་གནང་།
ཁོང་ཉིད་དགོང་ལོ་གསུམ་ཐོག་ཁྲི་འདོན་མངའ་གསོལ་ཞུས་ཤིང་། དགོང་ལོ་བཅུ་བཞིའི་ཐོག་ཁམས་པ་དགོན་དུ་ཕེབས་ནས་ཀཿཐོག་མཁན་ཆེན་པདྨ་མཐར་ཕྱིན་ལས་དབུ་མ་སོགས་ལ་གསན་སྦྱོང་གནང་ཞིང་སྦྱངས་འབྲས་ཡང་རྩེར་སོན།
སྤྱི་ལོ་༡༩༦༩ ལོར་ཁམས་པ་སྒར་གྱི་ཕྱིས་ཀྱི་གདན་ས་བཀྲ་ཤིས་ལྗོངས་སུ་མཁན་པོའི་མཚན་རྟགས་བཞེས་ཤིང་། སྤྱི་ལོ་༡༩༧༡ ལོར་ཁམས་པ་སྒར་གྱི་བསྟན་བདག་ཁྲི་ཚབ་ཀྱི་འགན་བཞེས།
སྤྱི་ལོ་༡༩༨༠ ཁམས་སྤྲུལ་རིན་པོ་ཆེ་ཞིང་གཤེགས་པ་དང་ཁོང་ཉིད་ཀྱིས་དགོན་བདག་གི་འགན་བཞེས་པ་དང་། དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་གནང་ལམ་སྟོན་དང་རྗེས་འབྲེལ་ཐོག་བཀྲ་ཤིས་ལྗོངས་ཁམས་པ་སྒར་དང་ཁད་ཉེ་བའི་ས་གནས་ཤིག་ལ་རྡོ་རྫོང་དགོན་མདོ་སྔགས་རབ་རྒྱས་ཆོས་གླིང་ངམ། བྱང་ཆུབ་ལྗོངས་ཞེས་པའི་ཆོས་སྡེ་གསར་དུ་བཏབ།
ཕྱི་ལོ་༢༠༡༧ ཟླ་བ་༢ ཚེས་༡༦ ཉིན་ཐེ་ཝན་ཁམས་པ་སྒར་གྱི་ཆོས་ཚོགས་སུ་སྐུ་གཤེགས་ཤིང་། སྐུ་གཤེགས་ཁར་སྐུའི་ཡང་སྲིད་སྐོར་ནས་བཀའ་འདྲི་ཞུ་སྐབས་ “མ་གཞི་ངེད་ནས་ཡི་གེ་བཞག་ཡོང་། གང་ལྟར་༸རྒྱལ་བ་མདོ་ཁམས་པ་བཤད་སྒྲུབ་ཉི་མ་རིན་པོ་ཆེ་ཁོ་ནས་ཐུགས་འགན་བཞེས་ནས་དེས་ཐག་གང་བཅད་གནང་ཡོང་བ་དེ་ག་རང་ཁོ་ན་ནོར་མེད་ཡིན་པར་ཁོང་ལ་འབྲེལ་ཡོད་ཀུན་ནས་ཡིད་ཆེས་བློས་འགེལ་བྱེད་དགོས„ ཞེས་སོགས་ཞལ་ཆེམས་གནང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།