རྒྱ་ནག་དབུས་ཤེས་རིག་ལྷན་ཁང་ལ་སྐྱོན་འཛུགས་ཀྱི་ཁྲིམས་གཏུག

རྒྱ་ནག་དབུས་ཤེས་རིག་ལྷན་ཁང་གིས་པར་བསྐྲུན་བྱས་པའི་དཔེ་དེབ་མང་པོ་ཞིག་གི་ནང་། མཚན་མཐུན་ལུས་འབྲེལ་བྱེད་མཁན་རིགས་ཀྱི་ལུས་སེམས་བདེ་ཐང་མིན་ཚུལ་བཀོད་ཡོད་པར་བརྟེན། མཐོ་སློབ་འགྲིམས་བཞིན་པའི་རྒྱ་རིགས་སློབ་ཕྲུག་བུ་མོ་ཞིག་གིས་ཁྲིམས་གཏུག་བྱས་འདུག

11930662_1019960501361152_1835900067_nདེ་ཡང་ཟླ་འདིའི་ཚེས་༢༡ གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་མཐོ་སློབ་འགྲིམས་བཞིན་པའི་རྒྱ་རིགས་སློབ་ཕྲུག་བུ་མོ་མིང་ལ་ཁྲན་ཆུག་ཡེན་(Chen Qiuyan) ཟེར་བ་ཞིག་གིས་རྒྱ་ནག་དབུས་ཤེས་རིག་ལྷན་ཁང་ལ་སྐྱོན་འཛུགས་ཀྱི་ཁྲིམས་གཏུག་བྱས་ཡོད་ཅིང་། མོས་“ཤེས་རིག་ལྷན་ཁང་གིས་དཔར་སྐྲུན་བྱས་པའི་ཀློག་དེབ་མང་པོ་ཞིག་གི་ནང། མཚན་མཐུན་ལུས་འབྲེལ་མཁན་ནམ་ཕན་ཚུན་དགའ་རོགས་སྒྲིག་མཁན་རྣམས་ལུས་སེམས་བདེ་ཐང་མིན་སྐོར་དང་། རིགས་དེ་ཚོ་གློག་སྦིར་གསོ་དཔྱད་ལ་འཇུག་ཚེ་དྲག་བསྐྱེད་ཡོང་སྲིད་པ་”སོགས་བཀོད་ཡོད་སྟབས། ང་རང་ཧ་ཅང་ཞེད་སྣང་སྐྱེས་བྱུང།”ཞེས་བརྗོད།

རྒྱ་ནག་གི་ཁྲིམས་ལུགས་ལྟར་ན། ཕྱི་ལོ་༡༩༩༧ ལོར་མཚན་མཐུན་ལུས་འབྲེལ་ཁྲིམས་འགལ་མིན་པའི་ཐག་གཅོད་བྱས་ཏེ། ཕྱི་ལོ་༢༠༠༡ ལོར་ནད་པ་ཡང་མིན་པའི་ངོས་ལེན་བྱས་ཡོད་ཀྱང། དེའི་རྗེས་སུ་དཔར་བསྐྲུན་བྱས་པའི་ཀློག་དེབ་མང་པོ་ཞིག་ནང་སྔར་བཞིན་མཚན་མཐུན་ལུས་འབྲེལ་མཁན་གྱི་ལུས་སེམས་བདེ་ཐང་མིན་ཚུལ་བཀོད་ཡོད།

བུ་མོ་ཁྲན་གྱིས་བརྗོད་དོན། ཐོག་མར་མཐོ་སློབ་ལ་སླེབས་སྐབས་རང་ཉིད་ཀྱི་འདོད་སྲེད་དེ་མཚན་མཐུན་ཡིན་མིན་ཧ་མ་གོ་བས། དེའི་སྐོར་གྱི་དཔེ་དེབ་ལྟ་ཀློག་བྱེད་སྐབས། ཞེད་སྣང་སྐྱེས་ཤིང་གྲོགས་མོ་རྣམས་ཀྱིས་ཁོང་མོར་ལྟ་ཚུལ་གང་འདྲ་ཡོང་མིན་སྐོར་ལའང་དོགས་པ་སྐྱེས་བྱུང་། མོའི་ཁྲིམས་གཏུག་ལ་མཐོ་སློབ་ཀྱི་དགེ་རྒན་དང་ལས་བྱེད། དེ་བཞིན་ནང་མི་སོགས་ཀྱིས་བཀག་འགོག་ཐེངས་མང་བྱས་ཏེ་མོས་མཐུན་མ་བྱས་ཀྱང་། ཁྲིམས་གཏུག་མུ་མཐུད་བྱ་རྒྱུ་ལས་གཞན་པའི་ལམ་ཁ་མེད་ཚུལ་འགྲེལ་བརྗོད་བྱས།

བུ་མོ་ཁྲན་གྱིས་ཟླ་འདིའི་ཚེས་༡༤ ཉིན་པེ་ཅིང་འབྲིང་རིམ་མི་མང་ཁྲིམས་ཁང་ལ་ཁ་མཆུ་ཐོ་འགོད་བྱས་ཏེ། ཁྲིམས་ཁང་གིས་ངོས་ལེན་བྱས་ཡོད་པ་དང་། མོས་“ང་རང་ལ་ཁ་མཆུའི་རྒྱལ་ཁ་ཐོབ་མིན་དེ་གལ་ཆེན་པོ་མ་ཡིན་པར། ཤེས་རིག་ལྷན་ཁང་གིས་བྱ་སྤྱོད་དེར་ལན་འདེབས་ཁ་གསལ་བརྒྱབ་ཐུབ་ན་འགྲིག་”ཅེས་བརྗོད་འདུག

སྐལ་བཟང་དོན་གྲུབ་ཀྱིས་སྒྱུར་སྒྲིག་བྱས།