བོད་རང་སྐྱོང་བཙུགས་ནས་ལོ་༥༠ འཁོར་བ་ཟེར་བའི་དུས་སྟོན།

དེ་རིང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་༥༠ འཁོར་བ་ཟེར་བའི་དུས་སྟོན་པོ་ཏ་ལའི་མདུན་ཐང་དུ་འཚོགས་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུ་ཀྲན་ཧྲན་གྱིས་གཏམ་བཤད་སྤེལ་ཡོད་པ་རེད།

1116496537_1441684253995_title0hཕྱི་ཟླ་༩ པའི་ཚེས་༨ ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་༥༠ འཁོར་བ་ཟེར་བའི་དུས་སྟོན་དེ་པོ་ཏ་ལའི་མདུན་ཐང་དུ་འཚོགས་ཡོད་པ་དང་། མཛད་སྒོའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུ་ཀྲན་ཧྲན་ཡིས་འགོ་ཁྲིད་པའི་དབུས་གཞུང་གི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་སླེབས་ཡོད་པའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ལུའུ་ཡེ་ཏོང་། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་སུང་ཁྲོན་ལན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆི་ལིན། རྒྱལ་ཡོངས་དམངས་འཐུས་ཀྱི་རྒྱུན་ལས་ཚོགས་གཞོན་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། སྐབས་བཅུ་པའི་རྒྱལ་ཡོངས་དམངས་འཐུས་ཀྱི་རྒྱུན་ལས་ཚོགས་གཞོན་རག་སྡིས། དབུས་དམག་ཨུ་སྤྱི་ཁྱབ་ཆབ་སྲིད་ཚན་པའི་འགན་འཛིན་ཀྲང་ཡང་སོགས་འདུག

1116496647_1441685025511_title0hཡུ་ཀྲན་ཧྲན་གྱིས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་སྐབས་བརྗོད་དོན། “ཕྱི་ལོ་༡༩༦༥ ལོའི་ཟླ་༩ པའི་ཚེས་༡ ཉིན་བོད་རང་སྐྱོང་ལྗོངས་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་དེ་ལྷ་ས་རུ་རྒྱལ་ཁའི་ངང་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་ཡོད། དེ་ནི་བློ་མཐུན་མའོ་ཙེ་ཏུང་གི་དབུ་ཁྲིད་པའི་དམར་ཤོག་མི་རབས་དང་པོའི་དབུས་གཞུང་གི་འགོ་ཁྲིད་མཉམ་རུབ་ཀྱི་རྣམ་དཔྱོད་ལྡན་པའི་ཐག་གཅོད་ཅིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེས། བོད་ལྗོངས་ཞི་བའི་བཅིངས་གྲོལ་དང་དམངས་གཙོ་བཅོས་སྒྱུར་གྱི་རླབས་ཆེན་མཇུག་འབྲས་སྲ་བརྟན་དུ་བཏང་སྟེ། བོད་ལྗོངས་སྤྱི་ཚོགས་ལམ་ལུགས་ཀྱི་རླབས་ཆེན་མཆོང་བརྒལ་མངོན་འགྱུར་བྱུང་ཡོད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཡར་རྒྱས་ལ་ཁག་ཐེག་སྲ་བརྟན་མཁོ་སྤྲོད་ཀྱི་ལམ་ནས། བོད་ལྗོངས་མི་རིགས་ཁག་གི་མི་དམངས་རྣམས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་སྤྱི་ཚོགས་རིང་ལུགས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་ཐོག་བསྐྱོད་ཐུབ་པ་བྱུང་ཡོད་ཅེས་སོགས་བརྗོད་ཡོད་པ་རེད།

དེ་བཞིན་ཕྱི་ཟླ་༩ པའི་ཚེས་༧ ཉིན་གྱི་སྔ་དྲོར་། “རྒྱ་ནག་གི་ཕུགས་འདུན་ལེགས་འགྲུབ། བོད་ཀྱི་ངོ་མཚར་བཏོད་པའི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༥༠ འཁོར་བའི་གྲུབ་འབྲས་འགྲེམས་སྟོན” ཟེར་བ་དེ་བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་དང་། རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། དབུས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུ་ཀྲན་ཧྲན་གྱིས་གྲུབ་འབྲས་འགྲེམས་སྟོན་སྒོ་དང་འབྲེལ་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཡོད་འདུག

མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཁྲེན་ཆོན་གོ་དང་ཝུ་དབྱི་ཅེ། ཏིང་ཞའོ་ཀང་། ཞུའུ་ཡུང་། ཏའོ་གོ་ཞི། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ནོར་བུ་དོན་འགྲུབ། རྡོ་ཐོགས། ཝང་རུའེ་ལན། ཝང་གཡུང་ཅུན། ཙེན་དབན་མིང་སོགས་མཛད་སྒོར་ཞུགས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་རྒྱུན་གྱི་འགན་འཛིན་པད་མ་འཕྲིན་ལས་ཀྱིས་ཤིས་ཚིག་སྒྲོག་སྦྱངས་དང་། རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགྲེམས་སྟོན་སྒོ་འབྱེད་མཛད་སྒོ་གཙོ་སྐྱོང་བྱས་ཡོད་པ་རེད།

W020150908217241646071པད་མ་འཕྲིན་ལས་ཀྱིས་སྒོ་འབྱེད་མཛད་སྒོའི་གཏམ་བཤད་ནང་། “བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༥༠ འཁོར་བའི་རིང་། དམར་ཤོག་དབུས་གཞུང་གི་འགྱུར་བ་མེད་པའི་དབུ་ཁྲིད་དང་ཐུགས་ཁུར་བྱམས་སྐྱོང་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་བློས་གཏོང་རོགས་སྐྱོར་འོག བོད་ལྗོངས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་།མི་མང་གི་འཚོ་བ་སྡུག་པོ་ནས་སྐྱིད་པོ་རུ་གྱུར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཟི་འོད་འབར་བའི་གྲུབ་འབྲས་ཐོན་ཡོད། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་༥༠ འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ཀྱིས་ཁྱོན་ཡོངས་ནས་ཐེངས་འདིའི་ལོ་རྒྱུས་ཀྱི་འཕེལ་རིམ་གསལ་སྟོན་བྱས། དམར་ཤོག་ཚོགས་པ་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་མེད་པའི་རླབས་ཆེན་གྱི་བདེན་པ་ར་སྤྲོད་གཏིང་ཟབ་བྱས་ཡོད། མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ནི་བོད་ལྗོངས་མི་མང་མཛེས་སྡུག་ལྡན་པ་དང་། འཆམ་མཐུན། བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་པའི་རྩ་བའི་འགན་སྲུང་ཡིན་པའི་བདེན་དཔང་གང་ལེགས་བྱས་ཡོད་པ་མ་ཟད། གོམ་གང་མདུན་སྤོས་ཀྱིས་ངར་ཤུགས་ཆེན་པོའི་ཐོག་ནས་རྒྱལ་ཡོངས་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་རྣམས། བློ་མཐུན་ཞི་ཅིན་ཕིང་གི་སྤྱི་ཁྱབ་དྲུང་ཆེ་གནང་བའི་དམར་ཤོག་དབུས་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་པ་དང་། ཟབ་ནན་ངང་དབུས་གཞུང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། ལས་དོན་ཏན་ཏིག་སྒྲུབ་སྟེ། འབྱུང་འགྱུར་ཕྱི་ལོ་༢༠༢༠ ལོར་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་འགྲུབ་ཆེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་རྒྱ་ནག་གི་ཕུགས་བསམ་བོད་ལྗོངས་ཀྱི་ལེའུ་གསར་རྩོམ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས།”

དེ་བཞིན་ཐེངས་འདིར་བོད་རང་སྐྱོང་བཙུགས་ནས་ལོ་༥༠ འཁོར་བ་ཞེས་པའི་དུས་སྟོན་གྱི་ཆ་ཤས་གྲུབ་འབྲས་འགྲེམས་སྟོན་ཟེར་བ་ལའང་ནང་གསེས་ཁག་བགོས་ཀྱིས། “རླབས་ཆེན་གྱི་ཁ་ཕྱོགས།” “འོད་སྟོང་འབར་བའི་གྲུབ་འབྲས།” “མཛེས་སྡུག་ལྡན་པའི་འབྱུང་འགྱུར།” ཞེས་འབོད་པ་གསུམ་བརྗོད་བྱར་བྱས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་དམིགས་ཡུལ་འོག རྩ་ཆེའི་པར་རིས་དང་ཅ་དངོས། ལོ་རྒྱུས་ཀྱི་རིག་དངོས། གྲངས་ཐོ། ཡིག་ཐོག་གསལ་བཤད་སོགས་མང་པོ་ཞིག་འགྲེམས་སྟོན་གྱི་ལམ་ནས། སྔར་སྲོལ་ལྟར་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་དབང་སྒྱུར་བྱས་པའི་རིང་བོད་ལྗོངས་ལ་འཕེལ་རྒྱས་དང་གྲུབ་འབྲས་ཆེན་པོ་བྱུང་ཡོད་སྐོར་དང་། བོད་སྤྱི་ཚོགས་རྙིང་པ་རྗེས་ལུས་དང་ཀླ་ཀློ་ཡིན་ཚུལ་སོགས་བསྐྱར་སྟོན་བྱས་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།