མི་གྲངས་༢༥༠༠ ཉེ་བར་གྲོངས་ཟིན་པའི་མ་རོ་ཀོའི་ས་ཡོམ་གོད་ཆགས་ལ་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་མོ་རོ་ཀོ་རྒྱལ་ཁབ་ནང་དུ་ས་འགུལ་ཤུགས་ཆེན་པོ་བྱུང་སྟེ་ད་བར་མི་གྲངས་༢༥༠༠ ལ་ཉེ་བ་གྲོངས་པའི་གནས་ཚུལ་ཐོན་བཞིན་པ་དང་།  གཞན་ཡང་རང་བྱུང་ཁམས་ཀྱི་གོད་ཆགས་དེའི་ཁྲོད་དུ་མི་རྒྱུ་གཉིས་ཀར་གནོད་སྐྱོན་དང་གྱོང་གུད་ཚབས་ཆེན་བཟོས་ཡོད་པས། ཕྱི་ཟླ་ ༩ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོ་རོ་ཀོའི་སྲིད་བློན་མཆོག་ལ་ཐུགས་གསོའི་འཕྲིན་ཞིག་གནང་འདུག་པ་དང་།
གསུང་འཕྲིན་ནང་དུ་མགོན་པོ་མཆོག་གིས། ངོས་ཀྱི་དཔལ་ལྡན་སྲིད་བློན་མཆོག་དང་། གོད་ཆགས་ལ་བརྟེན་ནས་སྲོག་སྐྱོན་འཕོག་མཁན་རྣམས་ཀྱི་ལྟོས་བཅས་ནང་མི་ལྷན་རྒྱས་ལ་སེམས་གསོ་དང་། གནོད་སྐྱོན་འཕོག་མཁན་ཡོངས་ཀྱི་ཆེད་སྨོན་ལམ་འདེབས་ཀྱི་ཡོད། སྐུ་ཉིད་ཀྱི་སྲིད་གཞུང་ངོས་ནས་ས་འགུལ་རྒྱག་ཡུལ་དུ་ངལ་སེལ་སྐྱོབ་གསོ་གནང་གི་ཡོད་པ་ཤེས་ཀྱི་ཡོད་ལ། དེའི་ཐོག་རྒྱལ་སྤྱིའི་མི་མང་ནས་སྐྱོབས་གསོ་གནང་བཞིན་པ་ནི་སྙིང་སྟོབས་འཕེལ་འོས་པ་ཞིག་ཡིན། ངོས་ནས་མོ་རོ་ཀོ་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་བརྒྱུད་ངལ་སེལ་སྐྱོབས་གསོའི་ཆེད་ཞལ་འདེབས་འབུལ་གྱི་ཡོད། ཅེས་གསུངས་འདུག གཞན་ཡང་ཕྱི་ཚེས་ ༩ ཉིན་བོད་མིའི་གྲོགས་པོ་ལྷོ་ཨ་ཧྥི་རི་ཀའི་གྲོས་ཚོགས་འཐུས་མི་དང་རྒྱལ་སྲས་མང་གོ་སུ་ཐུ་མཆོག་སྙུང་གཞིའི་རྐྱེན་གྱིས་དགུང་ལོ་ ༩༥ ཐོག་སྐུ་གྲོངས་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྲས་ཁོང་གི་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་དུ། མགོན་པོ་གང་ཉིད་རྒྱལ་སྲས་ཁོང་དང་ཐེངས་འགར་མཇལ་རྒྱུ་བྱུང་བས་དགའ་བོ་བྱུང་ཚུལ་དང་། ཁོང་ནི་༧གོང་ས་མཆོག་དང་བོད་མི་རྣམས་ཀྱི་གྲོགས་པོ་ཡག་ཤོས་ཡིན་པ། དེ་བཞིན་ཁོང་གི་མི་ཚེ་དོན་ལྡན་ཞིག་བསྐྱལ་ཡོད་པ་དང་། བོད་མི་རྣམས་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུངས་གནང་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།