ཨ་མ་དྲན་པའི་གདུང་བ།

སྐར་ཚོགས་མཁའ་རུ་ཤར་བའི་མཚན་མོ་དེར།།

བསིལ་བསིལ་རླུང་བུ་གདོང་ལ་ཕོག་པའི་དུས།།

དྲན་གདུང་མཆི་མ་བསྐྱིལ་བའི་མཚེའུ་ངོགས་སུ།།

ཨ་མའི་ཞལ་རས་ཟླ་གཟུགས་བཞིན་དུ་སྐྱོམས།།

 

རྒྱང་ཟུག་ཁྱི་སྐད་འཇགས་པའི་མཚན་མོ་དེར།།

རྣམ་ཤེས་རྨི་ལམ་ཞིང་ལ་འགྲིམ་པའི་དུས།།

བྱམས་ལྡན་ཨ་མ་ཐེངས་གཅིག་མཇལ་བ་རྨིས།།

དགའ་སྐྱོའི་ཟུག་རྔུ་མ་བཟོད་མགུལ་ལ་འཁྱུད།།

 

ཨ་མས་མ་ལོ་ཟེར་བཞིན་ཕྱག་ཟུང་གིས།།

བུ་ངའི་མགོ་ལ་བྱིལ་བྱིལ་བྱས་པ་ན།།

དགའ་སྤྲོའི་སེམས་པ་ཁེངས་བཞིན་ཨ་མ་ཡི།།

པང་ལ་མགོ་བོ་བཞག་ནས་ངལ་ཞིག་གསོས།།

 

སྐར་ཆེན་མཁའ་ནས་ཤར་བའི་ཐོ་རེངས་དེར།།

དེ་ཕོས་ལངས་བརྡའི་ཅོང་སྒྲ་སྒྲོག་པའི་དུས།།

སྐྱིད་པའི་རྨི་ལམ་བར་ཆད་དབང་དུ་ཤོར།།

ཨ་མ་དྲན་པའི་གདུང་བས་སླར་ཡང་མནར།། ༢༠༠༨།༩།༣༠