ནང་བའི་སྐྱབས་འགྲོ་དང་སྤྱི་ཚོགས་འཚོ་བ།

ངའི་དུས་རྒྱུན་གྱི་བསམ་ཕྱོགས་ལྟར་ན་ང་ཚོའི་སྤྱི་ཚོགས་ཁྲོད་དུ་རྒྱུན་འཇགས་སུ་སོང་བའི་བསམ་སྤྱོད་ནོར་འཁྲུལ་ཅན་ཞིག་ཡོད་པ་ནི་རང་གི་རིག་གཞུང་གི་དགེ་མཚན་ལ་ནོ་བསམ་ཆེར་མི་གཏོང་བར་ཕྱི་གླིང་བ་འམ་རྒྱ་རིགས་ཀྱི་རིག་གཞུང་དག་ལ་དང་བ་ཤོར་འགྲོ་བ་དང་ཡིད་སྨོན་སྐྱེ་འགྲོ་བ་འདི་རེད།

འདིའི་རྐྱེན་རྩ་གཅིག་ནི་ང་ཚོའི་རིག་གཞུང་གི་ཁྲོད་དུ་མི་ཆོས་དང་། སྤྱི་ཚོགས་ཀྱི་འཚོ་བར་ཉེ་བའི་ཁ་ཡོད་ལག་ཡོད་ཀྱི་ལམ་སྟོན་ཡང་དག་པ་ཞིག་མེད་པས་རེད་ཅེས་མང་པོ་ཞིག་གིས་བསམ་ཤིང་བཤད་ཡོད། འོན་ཀྱང་ངས་འདུ་ཤེས་དེ་ནི་བསམ་གཞིགས་གཏིང་ཟབ་མ་བྱས་པའི་ཚོར་ཐོག་གི་རགས་བཤད་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད།

ང་ཚོས་ཡང་བསྐྱར་ལོ་ངོ་ཉིས་སྟོང་ལྷག་གི་ལོས་རྒྱུས་ལྡན་པའི་ང་ཚོའི་རིག་གཞུང་སྟེ་ནང་བསྟན་ཆོས་ཀྱི་གཞུང་ལུགས་ཀྱི་ཁ་ཕྱེས་ཏེ་སྤྱི་ཚོགས་འཚོ་བ་དང་། མིའི་དགོས་མཁོར་དཔྱད་བསྡུར་ཐེངས་གཅིག་བྱེད་དང་། ང་ཚོར་བསམ་གཞིགས་མང་པོ་ཞིག་གིས་སླར་ཡང་གོ་བརྡ་མང་པོ་ཞིག་སྤྲད་འོང་། འདིར་ནང་བའི་སྐྱབས་འགྲོ་ནས་བཟུང་སྟེ་ཕྱོགས་དང་ངོས་གང་རུང་ནས་སྤྱི་ཚོགས་དང་འཚོ་བར་ཞིབ་བསྡུར་ཐེངས་གཅིག་བྱེད་འདོད་བྱུང་།

ནང་ཆོས་ཀྱི་གཞུང་ནས་སྐྱབས་འགྲོ་ཞིག་བཤད་ཀྱི་ཡོད། སྐྱབས་འགྲོ་ཞེས་པ་ནི་རང་ཉིད་སྡུག་བསྔལ་དང་འཇིགས་པ་གང་ཞིག་ལས་སྐྱོབ་ཆེད་གཞན་གྱི་སྐྱབས་འོག་ཏུ་བཏུད་ཅིང་རེ་ལྟོས་འཆའ་བ་ལ་གོ་ཆོག  ནང་བ་སངས་རྒྱས་པའི་སྐྱབས་སུ་འགྲོ་ཡུལ་གཙོ་བོ་ནི་དཀོན་མཆོག་གསུམ་ཡིན། སྐྱབས་སུ་འགྲོ་སྟངས་ཀྱང་དཀོན་མཆོག་ཁྱེད་མཁྱེན། ང་བདེ་བའི་ཞིང་ཁམས་སུ་ཁྱེད་ཀྱིས་ཁྲིད་རོགས་གྱིས་ཟེར་བ་ལྟ་བུའི་ཡོད་ཚད་དཀོན་མཆོག་ལ་ཕུལ་ནས་རང་ཉིད་རང་གར་སྡོད་པའི་སྒྱིད་ལུག་གི་བསམ་བློ་གཏོང་ཕྱོགས་ཤིག་གཏན་ནས་མིན།

འོ་ན་གང་ཡིན་ཞེ་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་ཐོག་མར་དཀོན་མཆོག་གསུམ་ངོ་ཤེས་དགོས། དཀོན་མཆོག་གསུམ་ལས་སངས་རྒྱས་དཀོན་མཆོག་ནི་ང་ཚོ་འཇིག་རྟེན་སྤྱི་ཡོངས་ཀྱི་བཤད་སྟངས་ཀྱིས་བཤད་ན་ཡང་དག་པའི་ལམ་སྟོན་པའི་དགེ་རྒན་ལྟ་བུ་ཞིག་ཡིན། སངས་རྒྱས་ཀྱིས་ཁོ་རང་གིས་སློབ་སྦྱོང་བྱས། ཉམས་ལེན་བྱས་པའི་ཉམས་མྱོང་དང་། གྲུབ་འབྲས་རྣམས་གཞན་ཕན་ཁོ་ནའི་ཆེད་དུ་ང་ཚོར་སློབ་སྟོན་བྱེད་ཀྱི་ཡོད། ཆོས་དཀོན་མཆོག་ནི་དགེ་རྒན་གྱིས་བསླབས་ནས་ང་ཚོའི་རྒྱུད་ལ་གྲུབ་ཟིན་པའི་སྦྱངས་བའི་ཡོན་ཏན་ལྟ་བུ་ཞིག་ཡིན། ཡོན་ཏན་དེ་བེད་སྤྱོད་མ་ནོར་བར་བཏང་ན་དེས་ང་ཚོར་འཚོ་བའི་དཔལ་འབྱོར་དང་དགོས་མཁོ་སོགས་སྦྱིན་པ་བཞིན་སངས་རྒྱས་ཀྱི་བསླབ་བྱ་ཉམས་ལེན་བྱས་ན་རང་རྒྱུད་ལ་སྐྱེས་པའི་ཆོས་དཀོན་མཆོག་གིས་ང་ཚོར་དག་ཞིང་དང་སངས་རྒྱས་ཀྱི་ཞིང་དུ་འཁྲིད་པར་བྱེད། དགེ་འདུན་དཀོན་མཆོག་ནི་ཡང་དག་པའི་སློབ་གྲོགས་ལྟ་བུ་ཞིག་ཡིན།

ང་ཚོས་སློབ་སྦྱོང་བྱས་ནས་སློབ་མཐར་ཕྱིན་པ་ལ་སློབ་གྲོགས་བཟང་པོར་བསྟེན་དགོས་པ་བཞིན་ཡིན། དེས་ན་སངས་རྒྱས་དཀོན་མཆོག་ཁོ་རང་སྔོན་མ་ང་ཚོ་ནང་བཞིན་ཡིན་ཡང་ཁོང་གིས་འབད་བརྩོན་དང་ཉམས་ལེན་ལ་བརྟེན་ནས་ཉེས་པའི་ཕྱོགས་ཚང་མ་སངས་ཤིང་དགེ་བའི་ཕྱོགས་ཚང་མ་རྒྱས་པའི་བདེ་སྐྱིད་འབའ་ཞིག་གི་ངང་ནས་གཞན་དོན་བྱེད་བཞིན་པ་རེད། ཁོང་དེ་འདྲའི་ཡག་པོ་ལ། ངས་ཀྱང་ཁོང་གི་རྗེས་སུ་འབྲངས་ནས་ཁོང་ནང་བཞིན་བྱེད་ཀྱི་ཡིན་ཁོང་གིས་ཐུགས་རྗེས་གཟིགས་རོགས་ཞེས་ཞེ་ཐག་པ་ནས་བསམ་པ་ནི་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། ཁོང་དེ་ལྟར་ཆགས་པ་ནི་སངས་རྒྱས་རྣམས་ཀྱི་བསླབ་བྱ་ཉམས་ལེན་དུ་བསྟར་བའི་གྲུབ་འབྲས་ཁོ་ན་ཡིན་པས་ངས་ཀྱང་ཉམས་ལེན་བྱས་ཏེ་ཉེས་པའི་ཕྱོགས་འཇོམས་པར་བྱེད་པའི་ཡོན་ཏན་རྣམས་རང་རྒྱུད་ལ་འབྱོར་བར་བྱེད་ཅེས་ཞེ་ཐག་པ་ནས་བསམ་པ་ནི་ཆོས་དཀོན་མཆོག་ལ་སྐྱབས་སུ་འགྲོ་སྟངས་དང་། དེ་ལྟར་ཡོན་ཏན་དེ་དག་རང་རྒྱུད་ལ་འབྱོར་བར་བྱེད་པའི་གྲོགས་ཀྱི་མཆོག་དགེ་འདུན་དཀོན་མཆོག་ལས་ལྷག་མེད་པས་རང་ཉིད་ཀྱིས་གྲོགས་དགེ་འདུན་དཀོན་མཆོག་ལ་བསྟེན་པར་བྱེད་བསམ་པ་ནི་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་སྟངས་ཡིན།

སངས་རྒྱས་དཀོན་མཆོག་ནི་ཉེས་པ་མཐའ་དག་སངས་ཤིང་ཡོན་ཏན་ཡོངས་སུ་རྫོགས་པའི་སྐྱེ་བུ་དང་དེའི་ཐུགས་རྒྱུད་ཀྱི་ཡོན་ཏན་དག་ཡིན་ལ། ཆོས་དཀོན་མཆོག་ནི་དེ་ལྟ་བུའི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཉེས་པ་འཇོམས་པར་བྱེད་པའི་སྐུའི་ཡོན་ཏན་དང་། ཉེས་པ་ཡོངས་སུ་ཟད་པའི་ཟད་ཆའི་ཡོན་ཏན། དེ་མཚུངས་ཉེས་པ་ཡོངས་སུ་དག་པའི་སངས་རྒྱས་མིན་ཡང་རྟོགས་པའི་ཡོན་ཏན་ཚད་མཐོར་སླེབས་པའི་བྱང་ཆུབ་སེམས་པ་དང་འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་དག་ཡིན། དགེ་འདུན་དཀོན་མཆོག་ནི་དེ་ལྟ་བུའི་ཡོན་ཏན་རྒྱུད་ལ་མངའ་བའི་སྐྱེས་བུ་དམ་པ་རྣམས་ཡིན།

གཞན་སྐུ་བརྙན་དང་། ཆོས་པོ་ཏི། གྲྭ་བ་རྣམས་དཀོན་མཆོག་གསུམ་རེད་བསམ་པ་ནི་ནོར་འཁྲུལ་ཡིན། གང་ལ་ཡོན་ཏན་དེ་དག་དང་ལྡན་ན་དེ་ནི་དཀོན་མཆོག་ཡིན་ལ་ཡོན་ཏན་དེ་དག་མི་ལྡན་པ་དག་ནི་ཆོས་གོས་གོན་ཡང་རུང་། བླ་མའི་མིང་ཡོད་ཀྱང་རུང་དཀོན་མཆོག་མིན། སྐྱབས་སུ་འགྲོ་སྐབས་ཞིབ་པར་བརྟགས་ནས་རྒྱུས་ལོན་བྱེད་དགོས་པ་ནི་སྐྱབས་སུ་མ་སོང་བའི་སྔོན་གྱི་ལས་བྱ་གལ་ཆེན་ཞིག་ཡིན། དེ་ལྟར་སྐྱབས་སུ་སོང་བའི་རྗེས་ཀྱི་སྲུང་བྱ་ནི་སྐྱབས་འགྲོའི་བསླབ་བྱའི་སྐོར་ཡིན། གོང་དུ་བཤད་པའི་དཀོན་མཆོག་དེ་དག་ལ་སྐྱབས་སུ་སོང་རྗེས་སྲུང་བྱ་གང་དང་གང་ཡོད་སྙམ་ན། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་རྗེས་སངས་རྒྱས་ལས་གཞན་པའི་ཕྱི་རོལ་བ་དང་མུ་སྟེགས་པ་སོགས་ལ་སྐྱབས་སུ་འགྲོ་མི་རུང་། ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་རྗེས་སེམས་ཅན་ལ་འཚེ་བ་སྤོང་དགོས། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་རྗེས་གྲོགས་ངན་པ་དང་འགྲོགས་མི་རུང་།

འོན་ཀྱང་དེ་དག་ལ་སྐྱབས་སུ་མ་སོང་སྔོན་ལ་དེ་དག་སྐྱབས་སུ་འོས་མི་འོས་དང་། སྐྱབས་སུ་སོང་བའི་དགེ་ཕན་སོགས་ལ་ཞིབ་འཇུག་ལེགས་པར་བྱ་དགོས། སྐྱབས་སུ་འགྲོ་མི་འོས་པ་དང་རང་ལ་དགེ་ཕན་མེད་ན་སྐྱབས་སུ་མ་སོང་ཀྱང་ཆོག རང་ཉིད་གང་ལ་སྐྱབས་སུ་འགྲོ་ཡུལ་དེའི་དགེ་ཕན་དང་ལེགས་ཕྱོགས་སོགས་ལ་ཡང་དག་པ་ཡིན་མིན་གྱི་བརྟག་དཔྱད་ལེགས་པར་བྱ་དགོས། དེ་མིན་རང་ཉིད་ཀྱིས་དང་པོར་དཔྱད་ཞིབ་མ་བྱས་པར་སྐྱབས་སུ་སོང་། རྗེས་ལ་དགེ་ཕན་མེད་པ་དང་། སྐྱོན་སྣ་ཚོགས་ཤིག་མཐོང་སྐབས་དད་པ་ལོག། སྐུར་འདེབས་བྱེད་པ་སོགས་བྱས་ན་རང་ཉིད་ཀྱི་ནོར་འཁྲུལ་ཡིན། གཙོ་བོ་རང་ཉིད་གྲུང་པོ་བྱས་ནས་སྔོན་ལ་སྐྱབས་སུ་འོས་མི་འོས་ལེགས་པར་བསམ་དགོས།
ཆོས་ཕྱོགས་ཁོ་ན་ཙམ་མ་ཡིན་པར་སྤྱི་ཚོགས་དང་འཚོ་བའི་དགོས་མཁོའི་ཕྱོགས་ནས་ཀྱང་སྐྱབས་འགྲོ་ནི་ཕན་ཐོགས་ཡོད་པ་ཞིག་ཡིན། རང་ཉིད་གྲོགས་མེད་ཁེར་རྐྱང་གི་བསམ་བློ་འཁོར་སྐབས་དང་དཀའ་ངལ་ཛ་དྲག་གི་དུས་སྐབས་སུ་སྐྱབས་འགྲོའི་སེམས་ཀྱིས་ཉེན་སྐྱོབ་དང་། མགོན་གྲོགས་བྱེད་ཀྱི་ཡོད། དེ་ནི་ཁྱེད་ལ་ཉེན་ཁ་ལས་སྐྱོབ་མཁན་དང་། རེ་ལྟོས་བྱ་སའི་མགོན་ཞིག་ཡོད་པའི་ཚོར་སྣང་དེས་ཁྱེད་ལ་སྟོབས་ཤུགས་སྤྲད་ཀྱི་ཡོད་པས་ཡིན། སྟོབས་ཤུགས་དེས་ནི་དམ་པའི་ལྷ་ཆོས་ཙམ་མ་ཡིན་པར་མི་ཆོས་ཀྱི་མདུན་སྐྱོད་ལའང་ནུས་ཤུགས་སྦྱིན་པ་ཡིན། ཁྱེད་རང་དཀོན་མཆོག་ལ་སྐྱབས་སུ་སོང་བ་དེས་ཁྱེད་རང་ལ་གནས་བཟོད་བདེ་བའི་འཚོ་བ་ཞིག་སྐྲུན་པར་རོགས་འདེགས་ཀྱང་བྱེད་ཀྱི་ཡོད།

དེ་ནི་ཁྱེད་རང་དཀོན་མཆོག་ལ་སྐྱབས་སུ་སོང་བ་དེས་ཁྱེད་རང་དཀོན་མཆོག་གི་བཀའ་ལ་བརྩི་སྲུང་བྱེད་མཁན་ཞིག་ཆགས་པ་དང་། དཀོན་མཆོག་གིས་ཁྱེད་རང་ནག་པོའི་ལས་སམ་སྤྱི་ཚོགས་དཀྲུགས་ཤིང་དང་། ཁྱད་བསོད་མཐོང་ཆུང་། གཞན་ལ་གནོད་པ་བྱེད་པ་སོགས་སྤྱི་ཚོགས་ཀྱི་དགྲ་བོར་གྱུར་བའི་ལས་ལ་ཞུགས་པར་དགག་བྱ་བྱེད་ཀྱི་ཡོད། དེ་ནི་མཐར་གཏུགས་ན་རང་ཉིད་ཀྱི་འཚོ་བའི་བདེ་སྐྱིད་ལའང་འབྲེལ་ཡོད་པ་སྟེ་ནག་ལས་འབའ་ཞིག་བྱེད་པའི་མི་རྣམས་ལ་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་ནམ་ཡང་ཐོབ་ཐབས་བྲལ་བ་ཡིན།