དཔེ་རྒྱན།།
ཆོས་དཔེ།
སྐྱེས་སྦྱང་བློ་གྲོས་ཉི་འོད་བཞིན་དུ་གསལ།།
སླད་མེད་ལྷག་བསམ་ཟླ་བའི་མདངས་ལྟར་དཀར།།
ཐབས་བརྒྱ་ཇུས་སྟོང་རྒྱུ་སྐར་ཇི་བཞིན་བཀྲ།།
སྲིད་སྐྱོང་ཁོག་རྒྱ་སྔོ་བསངས་མ་ལྟར་ཡངས།།
དངོས་དཔེ།
སུམ་ལྡན་མང་གཙོའི་ལྟ་གྲུབ་དྲི་མ་མེད།།
རིས་མེད་ཡིད་ལ་མཛའ་བའི་ཟླ་གཞོན་བཞིན།།
རང་དབང་འདྲ་མཉམ་འཚོ་བའི་ཕུན་ཚོགས་དེ།།
སྤྲིན་བྲལ་སྟོན་མཚན་བཅོ་ལྔའི་ཟླ་བ་བཞིན།།
བཟློག་པའི་དཔེ།
ཐ་ཤལ་རྒྱལ་ཐབས་སྒེར་སྤྱོད་བཙན་གནོན་དེས།།
མི་མང་བདེ་བའི་རང་དབང་འཕྲོག་པ་བཞིན།།
འཕྲད་པའི་མོད་ལ་ཐར་མེད་རི་མོ་འབྲི།།
རེག་དུག་ནད་དེས་ལང་ཚོའི་གཟི་མདངས་འཕྲོག།།
ཕན་ཚུན་དཔེ།
མང་གཙོ་རིང་ལུགས་མང་པོས་བསྔགས་པ་བཞིན།།
ནང་བསྟན་དཔྱོད་ལྡན་ཀུན་གྱིས་གཙུག་ཏུ་བཀུར།།
ཐུབ་པའི་རིང་ལུགས་དྲི་མ་མེད་པ་བཞིན།།
མང་གཙོའི་ལྟ་གྲུབ་ཉེས་པའི་རྒྱ་ལས་འགོངས།།