བོད་མི་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཁྲིམས་ཆད།
འདི་ལོའི་ཕྱི་ཟླ་༢ པའི་ནང་གཞས་པ་ཨོ་རྒྱན་བསྟན་འཛིན་གྱིས་ཆབ་སྲིད་དང་འབྲེལ་བའི་གཞས་བཏང་ཡོད་པའི་ཉེས་མིང་འོག རྒྱ་གཞུང་གིས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་ན་ཡང་། ཕྱི་ཟླ་༣ ཚེས་༢༠ ཉིན་ཁོང་དང་། དེ་མིན་གྱི་བོད་མི་གཉིས་ལ་ངོ་རྒོལ་གྱི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པ་རེད།
གཞས་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་སྙིང་ཁྲག་གི་བཞུར་རྒྱུན་ཞེས་པའི་གཞས་ཀྱི་འོད་སྡེར་ཞིག་བཏོན་ཡོད་པ་དེའི་ནང་། ༧གོང་ས་མཆོག་དང་། རྒྱལ་དབང་ཀརྨ་པ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་བཅས་ལ་བསྟོད་གླུ་བླངས་ཡོད་པའི་ཉེས་མིང་འོག ཕྱི་ཟླ་༣ པའི་ཚེས་༢༠ ཉིན་ཡུལ་ཤུལ་ས་གནས་མི་མང་ཁྲིམས་ཁང་ནས་ལོ་༢ ཀྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་རེད།
གཞས་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ཐེངས་འདིར་ཆབ་སྲིད་དང་འབྲེལ་བའི་གླུ་གཞས་བཏང་བ་དང་། ༢༠༠༨ ལོར་ཡང་རྒྱ་གཞུང་གིས་ནང་ཆེན་ཁུལ་དུ་གཏེར་ཁ་སྔོག་འདོན་བྱས་པར་བཀག་འགོག་གིས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ལས་དོན་བསྒྲུབས་ཡོད་རྐྱེན། ལོ་དེར་ཡང་ཁོང་རྒྱ་གཞུང་གིས་ལོ་༡ རིང་ཁྲིམས་ཁང་དུ་བཅུག་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་༣ ཚེས་༢༠ ཉིན་ཁ་སྔོན་ནང་ཆེན་ས་གནས་སུ་ལྷ་གསོལ་དང་བོད་དོན་སྐད་འབོད་བྱས་པའི་ཉེས་མིང་འོག བོད་མི་འོད་རྒོད་ཟེར་བ་ཞིག་ལ་ལོ་༣་དང་། ཡོན་ཏན་ཕུན་ཚོགས་ཟེར་བ་ཞིག་ལ་ལོ་༢ ཀྱི་དུས་བཀག་ཁྲིམས་ཐག་བཅད་འདུག
འདི་ལོ་ཕྱི་ཟླ་༣ པའི་ཚེས་༨ ཉིན་གྱི་མཚན་མོར་རྒྱ་གཞུང་གིས་ཡུལ་ཤུལ་དགེ་རྒྱལ་རྫ་སྟོད་རྫོང་དགེ་རྒྱལ་(http://www.tibetexpress.net/bo/home/2010-02-04-05-37-19/7784-2012-03-21-08-16-24)རྫོགས་ཆེན་དགོན་པའི་མཁན་པོ་དགེ་བ་ལགས་གློ་བུར་འཛིན་བཟུང་བཙན་འཁྲིད་དང་། ད་ལྟ་ཁོང་ལ་ཁྲིམས་ཁང་ཞིག་གིས་ནང་མི་དང་ཁྲིམས་རྩོད་པ་སོགས་ཅི་ཡང་མེད་པའི་ཐོག་ལོ་༢ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག །