སྲིད་སྐྱོང་པ་ལ་འདི་འདྲ་ཞིག་བཤད་དགོས།
མདུན་རྒྱབ་ཀྱི་རུ་དཔུང་ཕྲེང་ཐག་དེ་ནི་འཐོར་སོང་མ་རེད། །
ནང་ནོམ་གྱི་སྤུས་ཀ་ཡག་མོ་དེ་ནི་ཉོས་བཞག་མ་རེད། །
ཞེ་རུས་ཀྱི་ལྷུ་ཚིགས་ཡུན་གྱིས་སྒྲིག་པའི་བང་རིམ་ཞིག་ནས།།
ཁྱེད་རང་ནི་ཁ་བའི་ཐོད་ལ་འགྱིང་བྱུང་ཨ་མའི་བུ་རྒོད། །
ཁབ་རྩེ་དང་མདུན་རྩེས་རྒྱབ་ནས་ཕུག་དུས་ཤི་ཐུབ་མ་སོང་། །
ཁ་བཏགས་དང་དགོད་སྒྲས་མདུན་ནས་བསུ་དུས་ཚིམ་བསྡད་མ་སོང་། །
འཐབ་བྱུས་ཀྱི་བཀོད་པ་མདུན་ལ་གཤོམ་དུས་རིག་པ་ཇེ་རྒོད། །
ཁ་བ་དང་གངས་རི་འདིའི་སེམས་གསོ་ཡིན་སོང་མཁས་དབང་ཆེན་མོ། །
ཁ་སང་གི་སྒོ་ཁྱི་ཁྲོམ་ལ་སྨྱོ་དུས་ཟོས་ཐུབ་མ་སོང་། །
དེ་རིང་གི་ཁྱི་ལྡོམ་མཉམ་དུ་ཟུག་དུས་སྐྲག་ཐུབ་མ་སོང་། །
གཟིགས་སྐོར་གྱི་གཟིགས་པ་རྒྱང་ལ་བྱེད་དུས་ཡོངས་ལ་གྲགས་སོང་། །
དགྲ་བོ་དག་སྙིང་ནད་ཐུ་རུ་ཕྱིན་ཡང་སྡུག་གྱོང་ལོས་ཡིན། །
མེ་ལྕེ་དང་རྣམ་ཤེས་དགུང་ལ་འཕྱུར་དུས་བརྒྱལ་འགྲོ་མ་སོང་།།
ཁ་རྒོད་དང་ལག་རྒོད་མཉམ་དུ་བཏུགས་དུས་འཁུམ་འགྲོ་མ་སོང་། །
རྡོག་རྗེས་ཀྱི་རི་མོ་ཕྱི་ནས་བཏུས་ཏེ་རྟགས་མས་བཀྱག་དུས། །
སྒོ་ཁ་ནས་རྒྱུ་མཚན་དེད་ཁུལ་བྱས་སོང་སེམས་ཟུར་མ་འཇོག །
ཁ་ལག་གཉིས་ནོར་སྲིད་གསེང་ན་ཐོགས་དུས་བལྟས་སྡོད་མ་སོང་། །
ལྕེ་མིག་གཉིས་འབྲུག་གི་སྒྲ་དང་སྡང་དུས་འཐོམ་སྡོད་མ་སོང་། །
མིང་གྲགས་ཀྱིས་ནམ་མཁའི་གོང་བ་ཧྲལ་བའི་མི་ཚོགས་ཁྲོད་དུ། །
འདྲ་མཉམ་གྱི་ལག་པས་ལག་པར་འཇུས་ཏེ་གྲོས་ཆོད་བཞག་བྱུང་། །
ད་རྗེས་ནས་ཕྲེང་བ་དང་ལྷན་མུག་མུག་གི་ཚུགས་ཀ་མི་དགོས། །
སྲིད་བྱུས་ཀྱི་ཆོ་འཕྲུལ་དེ་བླ་རྒན་ཚོའི་དྲིལ་བུ་བཞིན་འཁྲོལ་ཤོག །
ཡིད་ཆེས་འདི་མང་མོས་ཡིན་ཁྱི་ཕྲུག་ཚོར་ངོ་སྲུང་མི་དགོས། །
རེ་མང་འདི་སྤོབས་པར་བྱོས་ཡི་རང་གི་སེམས་པས་སྲུང་ཡོད། །
༢༠༡༢་༧་ཉིན་བྲིས།
འཇའ་པན་དུ་འཚམས་གཟིགས་ཕེབས་སྐབས་གྲོས་ཚོགས་ནང་དུ་བཀའ་མོལ་གནང་གིན་པ།