དྲྭ་གྲོགས་ཚོས་དེ་ལ་བསམ་ཚུལ་དང་དགོངས་འཆར་གང་ཡོད་དམ ?

ཡོང་ཐབས་མེད་ལ་གལ་སྲིད་གཞས་ཞིག་བཏང་ན་ཡང་སྐྱོ་གླུ་ལས་གཞན་ཁ་ནས་དོན་མི་སྲིད། ཡིན་ནའང་གནས་མཆོག་རྡོ་རྗེ་གདན་དུ་སྤྲོ་དགའི་གཞས་སྣ་འཁྲབ་སྟོན་གོ་སྒྲིག་བྱས་འདུག་པ་མ་ཟད་མྱ་ངན་དང་སེམས་སྡུག་གི་ཁེངས་པའི་བོད་མི་རེ་བཟུང་གིས་འཁྲབ་སྟོན་མཚམས་འཇོག་བྱེད་དགོས་ལུགས་བཤད་པར་ཁ་རྩོད་དང་ད་དུང་གོ་སྒྲིག་པས་གསར་འགོད་པར་རྙོགས་དྲ་བཟོ་མཁན་དེ་ཚོ་བོད་ནས་ཡོང་བ་ཁག་གཅིག་རེད་ཅེས་ཡིད་སྐྱོ་བའི་སྐད་ཆ་བཤད་འདུག ད་དུང་རང་ཉིད་ལ་བོད་དོན་གྱི་ཆེད་སེམས་ཤུགས་ཡོད་ལུགས། གླུ་གཞས་འཁྲབ་སྟོན་ལ་བརྟེན་ནས་བོད་དོན་དྲི་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཡུས་དང་བོད་དོན་ཆེད་གླུ་གཞས་རིན་མེད་ཀྱི་བཏང་བའི་སྡུག་ཡུས་སོགས་བཤད་འདུག རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་དོན་གྱི་ཆེད་སེམས་ཤུགས་དགོས་ངེས་ཡིན་ལ་གླུ་གཞས་འཁྲབ་སྟོན་ལ་བརྟེན་ནས་བོད་དོན་དྲི་བསྒྲགས་ཀྱི་བྱེད་སྒོ་སྤེལ་ནའང་འདྲ། བོད་དོན་གྱི་ཆེད་གླུ་གཞས་རིན་མེད་ཀྱི་བཏང་ནའང་འདྲ། གང་ལྟར་རང་ཉིད་བོད་པ་ཡིན་པའི་འགན་འཁྲི་འཁུར་བ་རེད་མ་གཏོགས་སྡུག་ཡུས་བཤད་དགོས་དོན་མེད། བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་བཏང་གི་བོད་བསྟན་པ་ཆབ་སྲིད་དོན་ཕྱག་ལས་གནང་བ་རྣམས་ཡུས་སུ་ལ་བཤད་དགོས། ད་དུང་གོ་སྒྲིག་པས་གཞས་གཏོང་མཁན་གྱི་ལྟོ་གོས་ཀྱང་དེ་ལ་བརྟེན་ནས་ཡོང་དགོས་པ་རེད་ཅེས་བཤད་འདུག་ན་ལྟོ་གོས་ཀྱི་ཆེད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་ལ་བསམ་ཤེས་མ་བྱས་ན་བོད་ཕྱི་ནང་གཉིས་ཀྱི་རྒྱ་མིའི་རྒྱུག་ཁྱི་རྣམས་ཀྱི་ལས་ཀ་ཡང་རང་ཉིད་ཀྱི་ལྟོ་གོས་ཆེད་ཡིན་པ་ཤེས་གསལ་རེད། ད་དུང་རང་ཉིད་དག་སེལ་ཆེད་དཔེ་རྒྱས་འགེབས་ཀྱི་བལ་གོས་སུད་ཚོང་རྒྱག་མཁན་རྣམས་ཀྱི་ལས་ཀ་ཡང་མཚམས་བཞག་ནས་ལས་འགུལ་སྤེལ་དགོས་ལུགས་དང༌། ད་དུང་ཁོ་པས་ལོ་རྗེས་མའི་ནང་དུ་ག་རེ་བྱ་རྒྱུ་འདུག་བལྟ་ཆོག་གི་རེད་ཟེར་བ་སོགས་ལ་བསམ་ན་རང་ཉིད་བོད་པ་ཡིན་པ་ཁ་ལ་ཁྱེར་བ་ཙམ་ལས་དོན་དུ་རང་ཉིད་ཀྱི་ཁེ་ཕན་ཁོ་ན་སྒྲུབ་མཁན་ཞིག་ཡིན་པ་ཤེས་ཐུབ། མི་དེ་ཚོ་རྙོགས་དྲ་བཟོ་མཁན་དང་སུའི་ལས་ཀ་བྱེད་མཁན་ཡིན་མིན་དོགས་པ་ཡོད་ཟེར་བ་སོགས་མི་རིགས་ཀྱི་ལ་རྒྱ་མེད་པའི་འཆལ་གཏམ་འབའ་ཞིག་སྣང་ན་དྲྭ་གྲོགས་ཚོས་དེ་ལ་བསམ་ཚུལ་དང་དགོངས་འཆར་གང་ཡོད་དམ ?