ས་ཆ་གཞུང་བཞེས་དང་བོད་མི་འཇུ་བཟུང་།
དཀར་མཛེས་རྫོང་ཁོངས་སུ་རྒྱ་གཞུང་གིས་བོད་མི་སྒེར་གྱི་ས་ཆ་བཙན་འཕྲོག་བྱས་པ་དང་། ས་བདག་ཚོང་པ་བསོད་ནམས་མགོན་པོ་དང་། ཁོང་གི་ནང་མི་འབྲེལ་ཡོད་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དེ་ཡང་སེར་བྱེས་ཏྲེ་གྲྭ་པདྨ་ཚེ་དབང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༡༠ ཉིན་དཀར་མཛེས་ས་གནས་ཚོང་པ་བསོད་ནམས་མགོན་པོ་ཟེར་བ་ཁོང་སྒེར་གྱི་ས་ཆའི་སྟེང་དུ་དཀར་མཛེས་རྫོང་སྲིད་གཞུང་ནས་བཙན་དབང་གིས་ཁང་པ་གསར་རྒྱག་གི་ལག་བསྟར་བྱེད་འགོ་བཙུགས་ཡོད་འདུག ཉིན་དེར་བསོད་ནམས་མགོན་པོས་རང་ཉིད་ཀྱི་ས་ཆའི་ཆེད་དུ་རྫོང་སྲིད་གཞུང་ལ་རེ་སྐུལ་བྱས་ཀྱང་། དྲག་ཆས་ཉེན་རྟོག་པ་གློ་བུར་དུ་འབྱོར་ཏེ་བསོད་ནམས་མགོན་པོ་དང་། ཁོང་གི་སྲིང་མོའི་འདུག་རོགས་ཀཿབྲག་གྲོང་ནས་ཡིན་པ་མཁས་གྲུབ་གཉིས་འཇུ་བཟུང་བཙོན་འཇུག་བྱས་འདུག
དེ་ནས་རྒྱ་གཞུང་གིས་ས་ཆ་བཙན་འཕྲོག་བྱ་རྩིས་བྱས་ཡོད་སྟབས། ས་གནས་བོད་རིགས་མི་མང་བརྒྱ་ཕྲག་འགའ་འདུ་འཛོམས་བྱས་ཡོད་པ་དང་། སོ་སོའི་ས་ཆའི་བདག་དབང་སྲུང་ཆེད་བསོད་ནམས་མགོན་པོའི་ནང་མི་ཉེ་འབྲེལ་རྣམས་ཀྱིས་ང་ཚོ་ནང་མི་རྣམས་ཀྱི་འཚོ་རྟེན་ས་ཞིང་འདི་ལས་ལྷག་མེད། འདི་ཡང་ཁྱེད་ཚོས་བཙན་འཕྲོག་བྱེད་པ་ཡིན་ན། ང་ཚོ་གསོན་པོར་གནས་དང་མ་གནས་ཁྱད་པར་མི་འདུག དེ་ལས་ང་ཚོ་ད་ལྟ་རང་གསོད་རོགས་ཞེས་ངུ་འབོད་བྱས་ནས་ས་རྐོ་འཁོར་དང་། ས་སྙོམ་འཁོར་གྱི་མདུན་དུ་ཉལ་ནས་བསྡད་ཡོད་པའི་སྐབས་དེར། རྒྱ་གཞུང་གིས་ས་གནས་ཉེན་རྟོག་ཉེན་པ་དང་དམག་མི་མང་པོ་ཡོང་སྟེ་ས་གནས་བོད་རིགས་མང་ཚོགས་ལ་འཇིགས་སྐུལ་བྱས་པ་མ་ཟད། བསོད་ནམས་མགོན་པོ་ཁོང་གི་བཟའ་ཟླ་དང་། ལྷོ་པ་གཤོང་གཉེར་གྲོང་ནས་ཡིན་པ་སངས་རྒྱས་སྐལ་བཟང་གཉིས་ཡང་ཉིན་དེ་རང་ལ་འཛིན་བཟུང་བཀག་ཉར་བྱས་འདུག
བསོད་ནམས་མགོན་པོ་ནི་རང་ལོ་ ༤༨ ཡས་མས་ཡིན་པ་དང། དཀར་མཛེས་རྫོང་ལྷོ་པ་ཤང་། ཕུག་ཡུལ་ནང་རྩག་ལེགས་གྲོང་སྡེ་རུ་ཕ་རྡོ་རྗེ་བཀྲ་ཤིས་དང་། མ་ཚེ་འདས་ཆོས་སྒྲོན་དར་རྒྱས་གཉིས་སུ་སྐྱེས། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༩ ཉིན་དཀར་མཛེས་རྫོང་ཐོག་ཇ་ཁང་ཞིག་ནས་རྒྱ་གཞུང་གི་ཁོང་ལ་ཁྲིམས་འགལ་གྱི་གཏམ་ཉོག་བཤད་པ་སོགས་ཉེས་འཛུགས་འདྲ་མིན་བྱས་ཏེ། འཛིན་བཟུང་བྱས་ནས་ཟླ་བ་བཞི་ཡས་མས་ཤིག་གི་རིང་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་བའི་རྐྱེན་པས། ཤི་མིན་གསོན་མིན་དུ་བྱས་ནས་དཀར་མཛེས་རྫོང་གི་སྨན་ཁང་དུ་ཁྲིད་ཡོད་པ་མི་ཁ་ཤས་ནས་མཐོང་གསལ་བྱུང་ཡོད་པར་མ་ཚད་འཛིན་བཟུང་སྐབས་ཁོང་གི་རླངས་འཁོར་ཆུང་བ་མ་གནས་རྒྱ་སྒོར་ཁྲི་བཅོ་ལྔ་ཅན་ཞིག་དང་། དེའི་ནང་དུ་དབྱར་རྩ་དགུན་འབུ་ཡང་མི་ཉུང་བ་ཞིག་ཡོད་པ་བཅས་བཙན་འཕྲོག་བྱས་ཡོད་འདུག
དེ་རྗེས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ཆབ་སྲིད་བཙོན་པ་དཀར་མཛེས་རྩིས་ཚང་དགོན་གྱི་གྲྭ་བསྟན་འཛིན་དངོས་གྲུབ་དང་བློ་དབྱངས་གཉིས་གློད་གྲོལ་སྐབས་ས་གནས་མི་མང་གི་ཕེབས་བསུ་རྒྱ་ཆེ་བྱས་ཡོད་པ་དང་། སྐབས་དེར་བསོད་ནམས་མགོན་པོ་ཁོ་རང་གཙོས་མི་སྐྱ་བདུན་ལ་ཕེབས་བསུ་གོ་སྒྲིག་བྱེད་མཁན་གྱིས་ཉེས་མིང་འོག་རྒྱ་མིས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས། ཟླ་བ་གཅིག་ཙམ་གྱི་རིང་བཀག་ཉར་བྱས་ནས་བཙོན་འོག་ཏུ་སྡུག་སྦྱོང་ཚད་མེད་མྱོང་དགོས་བྱུང་མཐར་གློད་གྲོལ་ཐོབ་ཡོད་ཀྱང་། ཉིན་ཤས་རྗེས་སླར་ཡང་ཁོང་ལ་ནག་ཉེས་ཅི་ཡོད་གསལ་ཁ་གང་ཡང་མེད་པ་ཉེས་མེད་བཙོན་འཇུག་བྱས་ནས་དཀར་མཛེས་རྫོང་གི་བཙོན་ཁང་ཞིག་ནང་ལོ་འཁོར་གཅིག་མ་ཟིན་ཙམ་གྱི་རིང་སྡུག་སྦྱོང་ཚད་མེད་མྱོང་དགོས་བྱུང་མཐར་གློད་གྲོལ་ཐོབ་ཡོད་འདུག །