བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོས་གཞུང་དངུལ་ལྐོག་ཟ་བྱས་འདུག་ཟེར།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཕྱི་ཚེས་༡༠ ཉིན་དྷ་སའི་ཉེ་འགྲམ་དྷ་ཤོད་བོད་ཁྱིམ་དུ་ཚོགས་བཞིན་ཡོད་འདུག་པ་དང་། སྐབས་དེ་དུས་ས་གནས་ཀྱི་ཚོགས་མི་ཞིག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ནང་གཞུང་དངུལ་ལྐོག་ཟ་བྱས་པའི་གནས་ཚུལ་ཞིག་ཡོད་ཚུལ་འདུག་པས། དེའི་སྐོར་གསལ་བཤད་དགོས་པའི་དྲི་བ་བཏོན་པར། གསལ་བཤད་ལན་འདེབས་གནང་ཡོད་འདུག
ད་ལྟའི་ཚོགས་ཆེན་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཙོ་མདོ་སྨད་སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཚོགས་ཆེན་དུ་ཕེབས་མེད་ཚུལ་འདུག་ལ། ཁ་ཤས་ཀྱིས་ཁོང་སྨན་ཁང་དུ་ཡོད་ཚུལ་བརྗོད་ཀྱི་འདུག ངའི་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོས། ཚོགས་གཞོན་བསམ་གཏན་ལགས་ཕྱོགས་བསྐྱོད་ཀྱི་སྐབས་སུ་བུད་མེད་ལྷན་ཚོགས་ཀྱི་དངུལ་འཛིན་ལ་ས་ཡིག་བརྒྱབ་པ་ཟིན་པ་ཞིག་ཏུ། དྲུང་ཆེ་ཚེ་དབྱངས་ལགས་ཀྱི་ས་ཡིག་རྫུན་འགོད་ཀྱིས། ཧིན་སྒོར་འབུམ་གཉིས་རྡོ་རྗེ་གླིང་གི་རང་ཉིད་ཀྱི་ནང་དུ་བཏང་ཡོད་ཚུལ་འདུག མཐར་དབུས་རྒྱུན་ནང་དངུལ་འཛིན་གཅིག་ཚང་མིན་གྱི་སྐད་ཆ་ལྷགས་པ་དང་། དངུལ་ཁང་དུ་རྩད་གཅོད་བྱས་པའི་སྐབས་ཧིན་སྒོར་འབུམ་གཉིས་དེ་རྡོ་རྗེ་གླིང་དུ་བཏང་ཡོད་པ་དང་། དངུལ་འཛིན་ལ་ས་ཡིག་ཚོགས་གཞོན་དང་དྲུང་ཆེས་བརྒྱབ་ཡོད་འདུག་ཀྱང་། དྲུང་ཆེའི་ས་ཡིག་ངོ་མ་མ་ཡིན་པར་རྫུན་བཟོ་བྱས་པའི་གནས་ཚུལ་བྱུང་ནས་རྩད་གཅོད་བྱེད་པའི་སྐབས། བྱ་བ་དེ་རྩོམ་མཁན་དབུས་རྒྱུན་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ཡིན་པ་ར་སྤྲོད་བྱུང་ཡོད་ཚུལ་ལ་བརྟེན། ད་ལན་ཚོགས་ཆེན་དུ་ཚོགས་ཕེབས་མ་བྱས་པ་ཡིན་པ་ཚུལ་ཡང་བརྗོད་ཀྱི་འདུག་ལ། ད་ལྟའི་ཆར་དྷ་སའི་སྲང་ལམ་ཀུན་ཏུ་ཁྱབ་འདུག་ལ། སྒྲོ་འདོགས་དང་། འུར་སྒྲོག་སྣ་ཚོགས་འགྲོ་བཞིན་འདུག ངའི་གང་གོ་བ་དེ་ཡང་བདེན་པ་ཡིན་པའི་ངེས་པ་མེད་ཀྱང་། དཀའ་ངལ་ཞིག་འཕྲད་ཡོད་པ་ཧ་ཅང་གསལ་པོ་རེད་འདུག ཁ་ཤས་ཀྱིས་བཤད་ན་དབུས་རྒྱུན་ཚང་མ་དངུལ་ལྐོག་ཟ་དེ་དང་འབྲེལ་བ་ཡོད་ཚུལ་དང་། ཁ་ཤས་ཀྱིས་ཁག་ཅིག་དང་འབྲེལ་ཡོད་པ་ལས་ཚར་མར་འབྲེལ་བ་མེད་པ། ཁག་ཅིག་གིས་རྒྱུན་ལས་ནང་ཁུལ་ནས་འོས་འདེམས་རན་པའི་གོ་སྐབས་དང་བསྟུན་ནས་ནང་ཁུལ་དུ་གཡོ་སྒྱུའི་འཁྲབ་སྟོན་ཞིག་ཡིན་ཚུལ་ཡང་བརྗོད་བཞིན་ཡོད་འདུག གང་ལྟར་ཡང་བུད་མེད་ལྷན་ཚོགས་ནས་གནད་དོན་གཙང་མ་ཞིག་བཟོ་དགོས་པ་གལ་ཆེན་པོར་གྱུར་འདུག་སྙམ།
