སྔ་འགྱུར་སྨོན་ལམ་ཆེན་མོ་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་བཞིན་པ།
དེ་བཞིན་ལོ་འདིའི་སྨོན་ལམ་ཆེན་མོ་གོ་སྒྲིག་གནང་མཁན་ནི་དཔལ་རྡོར་གདན་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་རྒྱུན་ལས་ལྷན་ཚོགས་དང༌། རྒྱ་གར་ལྷོ་ཕྱོགས་དཔལ་ཡུལ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང༌། རྒྱ་གར་ལྷོ་ཕྱོགས་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང༌། རྒྱ་གར་ལྷོ་ཕྱོགས་རྡོར་བྲག་གསང་སྔགས་ཆོས་གླིང་བཅས་ཡིན་འདུག སྔ་འགྱུར་རྙིང་མ་པའི་རྡོར་གདན་སྨོན་ལམ་ཆེན་མོ་ནི་ཆོས་རྗེ་དར་ཐར་རིན་པོ་ཆེ་མཆོག་གིས་མཆོད་ཡོན་གྱིས་སྲོལ་འཛུགས་གནང་བ་ནས་ལོ་ལྟར་བོད་ཟླ་༡༢ ཚེས་༡ ནས་༡༠ བར་འཚོགས་བཞིན་ཡོད་པ་དང༌།
དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་”དེང་དུས་འཇིག་རྟེན་གྱི་ཁམས་འདིར་སྙིགས་ལྔའི་རང་མདངས་ཀུན་ནས་དར་བའི་སྐབས་འདིར། སྔ་འགྱུར་རྙིང་མའི་ཆོས་ཚོགས་ནས། སྟོན་པ་ཐུགས་རྗེ་ཅན་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ། ཕྱོགས་བཅུའི་ྋརྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་དངོས་བཤམས་ཡིད་སྤྲུལ་གྱི་ མཆོད་སྤྲིན་རྒྱ་ཆེ་སྤྲོ་འབུལ་དང༌། འདུས་ཚོགས་ལ་བསྙེན་བཀུར་ཟབ་རྒྱས་དང་འབྲེལ་བར། གནས་སྐབས་འཇིག་རྟེན་སྤྱི་དང་བྱེ་བྲག་ཀུན་ཏུ་ལྔ་བདོའི་རྒུད་ཚོགས་ཞི་ནས་འགྲོ་ཀུན་ཆོས་འབྱོར་བདེ་སྐྱིད་ལ་སྤྱོད་ཐུབ་པ་དང༌།
མཐར་ཐུག་ཀུན་ཀྱང་བླ་མེད་རྫོགས་བྱང་ཐོབ་ཆེད། ལོ་ལྟར་སྨོན་ལམ་འཕར་ཚུགས་གནང་མུས་འདི་དག་ལེགས་ཚོགས་ཤིན་ཏུ་ནས་ཆེ་བས་སྙིང་ ནས་རྗེས་སུ་ཡི་རངས་ཞུ།”ཞེས་གསུང་གིས་དབུགས་དབྱུང་བསྔགས་བརྗོད་དང་འབྲེལ་བའི་རྗེས་སུ་ཡི་རངས་གནང་བ་དང༌། “དགེ་ཚོགས་སྒྲུབ་པའི་འབྲས་བུ་ཅི་འགྱུར་ཀུན་སློང་ལ་རག་ལས་པར་བརྟེན། ཆོས་བརྒྱད་དང༌། རང་བདེ་དོན་གཉེར། བདེན་ཞེན་ལ་སོགས་པའི་བློ་སྐྱོན་གྱིས་མ་བསླད་པར་ཀུན་སློང་སེམས་བསྐྱེད་བཟང་པོ་དང༌། དམིགས་མེད་ཀྱི་ལྟ་བས་ཟིན་པ་བྱ་རྒྱུ་ཤིན་ཏུ་དོན་གལ་ཆེ་བར་ཐུགས་སྣང་གནང་སྐྱོངས་ཞུ”ཞེས་ལམ་སྟོན་བསླབ་བྱ་ཕེབས་པ་བཞིན། སྔ་འགྱུར་བསྟན་པའི་སྲོག་ཤིང་ྋསྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གིས་དབུས་སྔ་འགྱུར་རིང་ལུགས་འཛིན་པའི་བླ་སྤྲུལ་སྐྱེས་ཆེན་རྣམས་ཐུགས་དགོངས་གཅིག་མཐུན་གྱིས་ཐུགས་བསྐྱེད་དང༌། ལྷག་བསམ་དང་ཟོལ་མེད་ཀྱིས་གཏོང་ཕོད་ཆེ་བའི་བསྟན་པའི་སྦྱིན་བདག་རྣམས་ཀྱི་ མཐུན་འགྱུར་ལ་བརྟེན་ནས། སྔ་འགྱུར་སྨོན་ལམ་ཆེན་མོ་དེ་བཞིན་ལེགས་གྲུབ་བྱུང་དང་འབྱུང་བཞིན་པ་ཡིན་འདུག་པ་དང༌།
བོད་ཟླ་༡༢ པའི་ཚེས་༨ དང་ཕྱི་ཟླ་༢ ཚེས་༣ ཉིན་ཕྱི་ལོ་༢༠༠༨ ལོར་བོད་ཡུལ་སྟོད་སྨད་བར་གསུམ་ནས་བོད་རིགས་གང་མང་ཞིག་རྒྱ་གཞུང་གི་དྲག་གནོན་འོག་རྐྱེན་འདས་སུ་གྱུར་པ་དང༌། ཕྱི་ཟླ་༥ ཚེས་༡༢ ཉིན་སི་ཁྲོན་ཁྲི་ཚང་དུ་ས་ཡོམ་གྱི་གནོན་སྐྱོན་འོག་མི་མང་རྐྱེན་འདས་སུ་གྱུར་པ། དེ་བཞིན་འབར་མའི་ནང་དྲག་རླུང་གི་དོན་རྐྱེན་འོག་རྐྱེན་འདས་སུ་གྱུར་པ། བོད་འདམ་གཞུང་གི་ས་ཡོམ་དོན་རྐྱེན་འདས་དུ་གྱུར་པ། མུམ་བྷེ་རུ་འཇིགས་སྐུལ་རིང་ལུགས་པའི་དོན་རྐྱེན་འོག་རྐྱེན་འདས་སུ་གྱུར་པ་སོགས་ཀྱི་ཆེད་དུ་དམིགས་བསལ་ཐུགས་བསྐྱེད་བསྔོ་སྨོན་གནང་རྒྱུ་ཡིན་འདུག།
གསར་འགྱུར་འདི་ཉིད་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༣༠ ཆེད་གཉེར་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བྲིས།
