བོད་རྒྱལ་ཁབ་མཚོན་ཐུབ་པའི་བུད་མེད་རྐང་སྤོལ་རུ་ཁག་ཅིག་དགོས།
འདི་ག་གསར་ཁང་ནས་རྐང་སྤོལ་ཐོག་ཆེད་སྦྱོང་ཡོད་མཁན་གྱི་ཨ་རིའི་བུད་མེད་ཁཱ་སི་ཆིལ་ཊར་ལགས་སུ་དབྱིན་སྐད་ཐོག་བཅར་འདྲི་ཞུས་ནས་བོད་བསྒྱུར་བྱས། བུད་མེད་ཚོས་སྐྱེས་པ་ཕོ་བཞིན་རྐང་སྤོལ་རྩེད་དགོས་པ་གལ་ཆེན་པོ་རེད། དེེ་ནི་བོད་པའི་བུད་མེད་ཚོར་ནུས་ཤུགས་སྤེལ་རྒྱུ་དང་། བོད་དོན་ཁྱབ་སྤེལ་བྱེད་རྒྱུའི་ལམ་ཁ་ཞིག་ཀྱང་རེད་ཅེས་ཁོང་གིས་གསུངས་སོང་།
ཁཱ་སི་ཆིལ་ཊར་ནི་རྐང་སྤོལ་ཐོག་ཆེད་སྦྱོང་ཡོད་མཁན་གྱི་ཨ་རིའི་བུད་མེད་ཅིག་ཡིན་པ་དང། སློབ་གྲྭའི་རྒྱལ་རབས་ལོ་རྒྱུས་སྐོར་གྱི་དགེ་རྒན་བྱེད་མྱོང་ཡོད་པ་རེད། ཁོང་༢༠༠༥ ལོར་དྷ་རམ་ས་ལར་ཡུལ་སྐོར་སྤྲོ་འཆམ་དུ་ཐོག་མར་སླེབས་སྐབས་བོད་པའི་རིག་གཞུང་དང། ཆབ་སྲིད་དཀའ་རྙོག དེ་བཞིན་བོད་ཀྱི་ནང་ཆོས་སྐོར་མཐོང་ཐོས་མྱོང་གསུམ་བྱུང་ཡོད་པ་དང་། དེ་རྗེས་བོད་པའི་སྐོར་ལ་དམིགས་བསལ་གྱི་དོ་དབྱིངས་སླེབས་ཏེ། ད་བར་དྷ་སར་ཐེངས་དྲུག་ཙམ་སླེབས་ཤིང། དུས་ཡུན་དེའི་རིང་ཚོགས་སྒེར་ཁག་ཏུ་དྭངས་བླང་ཐོག་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་དང། ཞོར་དུ་བོད་པའི་སྐོར་སློབ་སྦྱོང་བྱས་ཡོད་པ་རེད། ༢༠༡༡ ལོའི་ཟླ་༡༡ ནང་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་ལས་གཞི་ཞིག་འགོ་བརྩམས་ཏེ། བུད་མེད་ཁག་ཅིག་ལ་ཟླ་གཅིག་རིང་སྦྱོང་བརྡར་སྤྲད་པ་དང་། མུ་མཐུད་དེའི་ཐོག་ལས་ཀ་བྱེད་བཞིན་འདུག འདི་ལོའི་ཕྱི་ཟླ་༥ ནང་དྷ་སར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་སྐབས། བོད་པའི་བུད་མེད་རྐང་སྤོལ་རུ་ཁག་དང། རྒྱ་གར་ཧི་མ་ཅལ་མངའ་སྡེའི་བུད་མེད་རྐང་སྤོལ་རུ་ཁག་གཉིས་བར་འགྲེམས་སྟོན་ཚུལ་དུ་རྩེད་འགྲན་ཞིག་བྱ་རྒྱུ་རེད་འདུག
འདི་ག་གསར་ཁང་ནས་ཁོང་ལ་དེ་དང་འབྲེལ་བའི་སྐོར་དབྱིན་སྐད་ཐོག་བཅར་འདྲི་ཞུས་ནས་བོད་བསྒྱུར་བྱས། བུད་མེད་ཚོས་སྐྱེས་པ་ཕོ་བཞིན་རྐང་སྤོལ་རྩེད་དགོས་པ་གལ་ཆེན་པོ་རེད། དེེ་ནི་བོད་པའི་བུད་མེད་ཚོར་ནུས་ཤུགས་སྤེལ་རྒྱུ་དང་། བོད་དོན་ཁྱབ་སྤེལ་བྱེད་རྒྱུའི་ལམ་ཁ་ཞིག་ཀྱང་རེད་ཅེས་ཁོང་གིས་གསུངས་སོང་།
དྲི་བ། དང་ཐོག་བོད་པའི་བུད་མེད་རྐང་སྤོལ་རུ་ཁག་ཅིག་འགོ་འཛུགས་རྒྱུའི་བསམ་བློ་གང་འདྲ་བྱུང་སོང།ལན། ༢༠༡༠ ལོའི་སློབ་གྲྭའི་གུང་སེང་སྐབས་ང་རང་དྷ་སར་ཡང་བསྐྱར་ཡོང་བ་ཡིན། སྐབས་དེར་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་དེ་ཚོགས་བཞིན་པའི་སྐབས་ལ་འཁེལ་བ་དང། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་བོད་པའི་རྐང་སྤོལ་གྱི་དཔར་རིས་འགྲེམས་སྟོན་ཞིག་བྱས་སོང། ཧང་སང་དགོས་པ་ཞིག་ལ་དཔར་རིས་དེ་ཚོའི་ནང་ལ་བོད་པའི་བུད་མེད་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་མ་ཟད་འགྲེམས་སྟོན་དེར་ལྟད་མོ་བལྟ་མཁན་བུད་མེད་ང་རང་གཅིག་པུ་རེད་འདུག། ངས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་དོན་འགྲུབ་ལགས་སུ་བོད་པའི་བུད་མེད་ཀྱང་རྐང་སྤོལ་ནང་དུ་རྩེད་འགྲན་བྱེད་ཐུབ་ན་ཡག་པོ་ཡོང་རྒྱུ་རེད་ཅེས་བསམ་ཆར་ཞུས་པས། ཁོང་གིས་ཁྱེད་རང་གིས་དེའི་ཐོག་རོགས་པ་བྱེད་ཐུབ་ན་ཡག་པོ་འདུག་ཅེས་གསུངས་སོང། དེ་ནས་ཉིན་ཤས་རྗེས་ང་ཨ་རིར་ལོག་རྗེས་སྐལ་བཟང་དོན་འགྲུབ་ལགས་ཀྱི་ཡི་གེ་ཞིག་འབྱོར་བྱུང་བས། ཁོང་གིས་ཡང་བསྐྱར་བུད་མེད་རྐང་སྤོལ་ཐོག་རོགས་པ་བྱེད་དགོས་པའི་བསམ་ཚུལ་ནན་པོ་བཤད་སོང་བས། ངས་ལས་གཞི་དེའི་ཆེད་ལོ་གཅིག་གི་རིང་འདང་ངེས་ཡོད་པའི་དངུལ་གསོག་སྒྲུབ་བྱས་ཏེ་ཕྱིར་རྒྱ་གར་དུ་ཡོང་ནས་ལས་འགོ་བཙུགས་པ་ཡིན།
དྲི་བ། ཐོག་མར་ལས་གཞི་དེ་འགོ་འཛུགས་སྐབས་བོད་པའི་སྤྱི་ཚོགས་ཁྲོད་དུ་བོད་པའི་བུད་མེད་ཚོའི་བལྟ་སྟངས་དང་རྒྱབ་སྐྱོར་གང་འདྲ་བྱུང་སོང།
ལན། ལས་གཞི་འགོ་མ་བཙུགས་གོང་དེར་ངས་བོད་པའི་སྤྱི་ཚོགས་ཁྲོད་དུ་བསམ་ཚུལ་གང་འདྲ་ཞིག་ཡོད་མེད་ཚོད་ལྟའི་ཆེད་བསམ་ཤོག་བརྒྱ་ལྷག་ཅིག་བསྡུ་ལེན་བྱས་པ་ཡིན། བསམ་ཤོག་མང་ཆེ་བའི་ནང་གི་བརྗོད་དོན་ལ། བོད་པའི་བུད་མེད་ཀྱི་རྐང་སྤོལ་རྩེད་རྒྱུར་འདོད་པ་བྱེད་ཀྱི་མ་རེད་ཟེར་བ་དང་། གལ་ཏེ་འཛུལ་ཞུགས་བྱས་པ་ཡིན་ཡང་བོད་པའི་བུད་མེད་ཚོས་འཇོན་གྱི་མ་རེད་ཅེས་ལབ་ཀྱི་འདུག། ཡིན་ཡང་བསམ་ཤོག་ཚང་མའི་ནང་ཁ་གཅིག་གྲག་གིས་བོད་པའི་བུད་མེད་ཀྱི་ཆེད་དུ་ལས་གཞི་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་དང་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱས་སོང། ད་ལྟ་དངོས་སུ་ལས་གཞི་དེ་འགོ་འཛུགས་སྐབས་ངས་བོད་པའི་བུད་མེད་ཚོ་རྐང་སྤོལ་ལ་དགའ་པོ་ཡོད་པ་དང་རྩེད་ཐུབ་པའི་ནུས་པ་ཡང་ཡོད་པ་ཤེས་ཀྱི་འདུག དེ་མ་ཟད་བུད་མེད་མང་ཆེ་བ་རྐང་སྤོལ་རྩེད་རྒྱུ་མགྱོགས་པོ་ཤེས་མཁན་དེ་འདྲ་རེད་འདུག བུད་མེད་ཚོས་རྐང་སྤོལ་རྩེད་རྒྱུ་གལ་ཆེན་པོ་ཡིན་པ་ངོས་བཟུང་སྟེ་རྒྱབ་སྐྱོར་བྱེད་ཀྱི་འདུག མདོར་ན་ད་བར་བོད་པའི་སྤྱི་ཚོགས་ཁྲོད་དུ་ངས་བརྩམས་པའི་ལས་གཞི་དེ་ལ་སྐྱོན་བརྗོད་བྱེད་མཁན་ཧ་ལམ་བྱུང་མ་སོང།
དྲི་བ། འདི་ལོ་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་ནས་གླིང་ཚ་ནང་མི་གསུམ་དྷ་ས་ནས་བོད་བར་དུ་བོད་དོན་ཆེད་ཞི་བའི་གོམ་བགྲོད་དུ་ཕྱིན་པ་རེད། དེའི་ནང་གླིང་ཚ་ལྷ་མོ་སྐྱིད་ནི་བོད་པའི་བུད་མེད་རྐང་སྤོལ་རུ་ཁག་ནང་དུ་སྦྱོང་བརྡར་བྱེད་མྱོང་ཡོད་པ་ཞིག་རེད་འདུག དེ་འདྲ་ཡིན་དུས་ཁྱེད་རང་གིས་ལྷ་མོ་སྐྱིད་ཀྱིས་ལས་འགུལ་དེ་འདྲ་ཞིག་སྤེལ་གྱི་ཡོད་པ་དེ་ལ་དགོངས་ཚུལ་ག་རེ་ཡོད།
ལན། ལྷ་མོ་སྐྱིད་ལ་ངས་སེམས་ཁྲལ་ཞེ་དྲག་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་མོ་རང་གི་ནང་མིས་སྤེལ་བཞིན་པའི་ལས་འགུལ་དེ་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག ཡིན་ཡང་ངས་མོ་རང་གི་ལས་འགུལ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། མ་ཟད་དེ་གལ་ཆེན་པོ་ཞིག་ལའང་ངོས་འཛིན་བྱེད་ཀྱི་ཡོད། ལྷ་མོ་སྐྱིད་ནི་ང་རང་གི་བུ་མོ་ནང་བཞིན་བརྩི་ཡི་ཡོད། དེ་འདྲ་ཡིན་དུས་ཉིན་རྟག་པར་ང་རང་ལ་སེམས་ཁྲལ་ཞེ་དྲག་འདུག ངས་ཁོང་གསུམ་ཀ་བོད་ལ་བདེ་ཐང་ངང་འབྱོར་ཐུབ་པའི་རེ་བ་དང་སྨོན་ལམ་རྒྱག་གིི་ཡོད། གལ་སྲིད་སྟབས་མ་ལེགས་པའི་དབང་གི་མོ་རང་བོད་ལ་འགྲོ་མ་ཐུབ་པར་ཚུར་རྒྱ་གར་དུ་ཡོང་དགོས་བྱུང་ན་ང་རང་ངོས་ནས་མོ་ལ་སློབ་གསོ་ནན་མོ་བྱ་རྒྱུ་ཡིན། བོད་དོན་གྱི་བདེན་མཐའ་གསལ་ཆེད་དུ་ནུས་པ་བསྐྲུན་རྒྱུའི་ལག་ཆ་གཅིག་རྩེད་རིགས་ནང་མཉམ་ཞུགས་བྱས་ནས་ཡོང་ཐུབ་ཀྱི་རེད། ལྷ་མོ་སྐྱིད་ལགས་ནི་ང་ཚོའི་ཟླ་བ་གཅིག་གི་རིང་སྦྱོང་བརྡར་བྱེད་སྐབས་རྐང་སྤོལ་ཡག་ཤོས་རྩེད་མཁན་གཅིག་ཡིན། ལྷ་མོ་སྐྱིད་ལགས་ཡང་བསྐྱར་རྐང་སྤོལ་རུ་ཁག་ནང་ཞུགས་ཐུབ་ན་མ་འོངས་པར་རྒྱལ་སྤྱིའི་སྟེང་བོད་པའི་བུད་མེད་རྐང་སྤོལ་རུ་ཁག་ཅིག་བཟོ་ཐུབ་པ་ཡིན་ན། དེའི་ནང་རྩེད་འགྲན་བྱ་ཐུབ་རྒྱུའི་རེ་བ་ཡོད་ལ། དེ་བོད་དོན་དྲིལ་བསྒྲགས་བྱ་རྒྱུའི་གོ་སྐབས་ཡག་པོ་ཞིག་རེད་བསམ་གྱི་འདུག
དྲི་བ། ཁྱེད་རང་གིས་བུད་མེད་ཁག་གཅིག་ལ་ཟླ་གཅིག་གི་རིང་སྦྱོང་བརྡར་སྤྲད་པ་དེའི་སྐོར་འགྲེལ་བཤད་ཅིག་གནང་རོགས།
ལན། ཕྱི་ལོ་༢༠༡༡ ཕྱི་ཟླ་༡༡ ནང་ཐོག་མར་བདུན་ཕྲག་གཅིག་གི་རིང་བོད་པའི་སློབ་གྲྭ་ཁག་༩ ཡི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་པ་ཡིན། སྐབས་དེར་དམིགས་བསལ་གདན་ཞུས་ཐོག་ཕྱི་རྒྱལ་ནང་སྙན་གྲགས་ཡོད་པའི་ལུས་རྩལ་སྦྱོང་བརྡར་སྤྲོད་མཁན་ཁག་གཅིག་དང་རྐང་སྤོལ་རང་གི་ཐོག་ཆེད་སྦྱོང་ཡོད་པ་དང། སྦྱོང་བརྡར་སྤྲོད་མྱོང་མཁན་ཁག་གཅིག་གིས་ཟབ་སྦྱོང་དེ་སྤྲད་པ་རེད། གཙོ་བོ་དེ་བུད་མེད་ཚོ་རྩེད་རིགས་འདྲ་མིན་ནང་དུ་འཛུལ་ཞུགས་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། བུད་མེད་ཚོ་རྐང་སྤོལ་གཙོས་རྩེད་རིགས་གང་མང་ནང་འཛུལ་ཞུགས་ཡོང་ཆེད་ཐབས་ལམ་འདྲ་མིན་ཐོག་སྦྱོང་བརྡར་སྤྲད་པ་ཡིན། ཟབ་སྦྱོང་དེ་གྲུབ་རྗེས་འདི་ལོ་ཕྱི་ཟླ་དང་པོའི་ནང་སློབ་གྲྭ་ཁག་དགུ་ནས་བུད་མེད་སློབ་ཕྲུག་གསུམ་རེ་བདམས་ཏེ། ཟླ་གཅིག་གི་རིང་སྦྱོང་བརྡར་སྤྲད་པ་རེད། སྦྱོང་བརྡར་གྱི་སྐབས་དེར་རྐང་སྤོལ་ཙམ་མ་ཡིན་པར་མིའི་སེམས་ཁམས་རིག་པ་དང། སྐད་ཆ་ཤོད་སྟངས། འགན་ཁུར་སྣེ་ཁྲིད་བྱེད་སྟངས། ཕོ་མོ་འདྲ་མཉམ་སོགས་རྩེད་རིགས་དང་འབྲེལ་བའི་བརྗོད་གཞི་མང་པོ་ཞིག་གི་ཐོག་ལ་སྦྱང་པ་རེད། ཟླ་གཅིག་གི་རིང་དེར་ཉིན་ལྟར་ཞོགས་པ་ཆུ་ཚོད་༧ ནས་ཕྱི་དྲོ་ཆུ་ཚོད་༦ བར་སྦྱོང་བརྡར་བྱས་པ་རེད། བུད་མེད་དེ་ཚོ་ཕར་སློབ་གྲྭར་ལོག་རྗེས་སོ་སོའི་སློབ་གྲྭའི་ནང་དུ་ལུས་རྩལ་དགེ་རྒན་དང་མཉམ་འབྲེལ་ཐོག་བུད་མེད་གཞན་རྣམས་ལ་སྦྱོང་བརྡར་སྤྲད་ཀྱི་ཡོད་པ་རེད། ད་ལྟའི་ཆར་སློབ་གྲྭ་ཁག་དགུ་པོ་དེའི་ནང་རུ་ཁག་རེ་རེ་ཡོད་པ་དང་ཚང་མས་བདུན་ཕྲག་རེར་ཐེངས་དྲུག་ལ་སྦྱོང་བརྡར་བྱེད་ཀྱི་ཡོད་པ་རེད། ང་རང་གི་བསམ་པར་ཟླ་གཅིག་གི་སྦྱོང་བརྡར་དེ་ཚགས་ཚུད་པོ་དང་འདོད་པ་ཁེངས་པ་ཞིག་བྱུང་སོང་བསམ་པའི་ཚོར་སྣང་ཞིག་སྐྱེས་སོང། ཐོག་མར་སྦྱོང་བརྡར་བྱེད་སར་སླེབས་སྐབས་བུད་མེད་ཚང་མ་རྐང་སྤོལ་རྩེད་མི་ཤེས་མཁན་དང་རང་བཞིན་གྱི་ངོ་ཚ་སྨིན་པོ་དང་སྐད་ཆ་ཤོད་རྒྱུ་ལ་འཚེར་སྣང་བྱེད་མཁན་དེ་འདྲ་རེད་འདུག རྗེས་སུ་སྦྱོང་བརྡར་སྒྲུབ་རྗེས་ཚང་མས་རྐང་སྤོལ་གང་འཚམས་རྩེད་ཤེས་པ་དང་གདེང་ཚོད་ཡོད་མཁན་ཞིག་ཀྱང་ཆགས་སོང་བསམ་གྱི་འདུག
དྲི་བ། བོད་པའི་བུད་མེད་རྐང་སྤོལ་རུ་ཁག་གི་ལས་གཞི་འགོ་བརྩམས་ནས་ད་བར་དཀའ་ངལ་དམིགས་བསལ་འཕྲད་ཡོད་དམ།
ལན། དཔལ་འབྱོར་གྱི་རྒྱབ་རྟེན་མེད་པ་དེ་དཀའ་ངལ་ཆེ་ཤོས་གཅིག་རེད་འདུག། ལས་གཞི་གང་འདྲ་ཞིག་བྱས་ཀྱང་དཔལ་འབྱོར་ཡག་པོ་མེད་ན་ནུས་པ་ཐོན་རྒྱུ་ཁག་པོ་རེད། ང་རང་སྒེར་ངོས་ནས་ཨ་རིར་ལས་ཀ་བྱས་ཏེེ་ལོ་གཅིག་གི་རིང་ལས་གཞི་དེར་དཔལ་འབྱོར་འདང་ངེས་ཡོད་པ་ཞིག་གསོག་ཐུབ་སོང། ཡིན་ཡང་འཆར་གཞི་གཞིར་བཟུང་བུད་མེད་རྐང་སྤོལ་ལས་གཞི་དེ་ཡར་རྒྱས་གཏོང་རྒྱུ་དང་གཞི་རྒྱ་ཆེ་རུ་གཏོང་ཆེད་དངུལ་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ད་ལྟའི་ཆར་ང་རང་གི་དུས་ཚོད་མང་ཆེ་བ་དེ་ཕྱི་རྒྱལ་རོགས་ཚོགས་ཁག་འདྲ་མིན་ལ་འབྲེལ་བ་བྱས་ཏེ་དཔལ་འབྱོར་གྱི་རོགས་རམ་ཐོག་འབོད་སྐུལ་ཞུ་ཡི་ཡོད། དཀའ་ངལ་གཞན་ཞིག་ནི་བོད་པའི་སྤྱི་ཚོགས་ནང་དུ་རྐང་སྤོལ་སྦྱོང་བརྡར་སྤྲོད་མཁན་མང་པོ་མེད་པ་དེ་རེད་འདུག སློབ་གྲྭ་ཁག་ནང་ལུས་རྩལ་དགེ་རྒན་རེ་ཡོད་པ་རེད། ཡིན་ཡང་ཁོང་ཚོ་ལ་ལས་ཀ་མང་པོ་ཡོད་པས་བུད་མེད་རྐང་སྤོལ་སྦྱོང་བརྡར་རང་གི་ཆེད་དུ་དུས་ཚོད་དེ་ཙམ་གཏོང་ཐུབ་ཀྱི་མེད་པ་རེད། དམིགས་བསལ་གྱི་བུད་མེད་རང་གི་ཆེད་དུ་དྭངས་བླང་ཐོག་རྐང་སྤོལ་སྦྱོང་བརྡར་སྤྲོད་མཁན་དེ་འདྲ་རག་ཐབས་བྱེད་བཞིན་ཡོད། གལ་སྲིད་སློབ་གྲྭ་རེར་དེ་འདྲ་རེ་བྱུང་ན་ཡག་པོ་ཞེ་དྲག་ཡོང་ས་རེད།
དྲི་བ། ཁྱེད་ཀྱིས་འགོ་ཁྲིད་པའི་བུད་མེད་རྐང་སྤོལ་ལས་གཞི་དེ་མ་འོངས་པར་གང་འདྲ་ཞིག་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ལན། ང་ཚོས་དམིགས་ཡུལ་ནི་ཕྱི་ལོ་༢༠༡༧ ནང་རྒྱལ་སྤྱིའི་སྟེང་བོད་པའི་རྒྱལ་ཁབ་མཚོན་ཐུབ་པའི་བོད་པའི་བུད་མེད་རྐང་སྤོལ་རུ་ཁག་དང་པོ་དེ་བཟོ་ཐུབ་པ་བྱ་རྒྱུ་དེ་རེད། དམིགས་ཡུལ་དེ་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་རེ་བ་དང་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། ད་ལྟ་སློབ་གྲྭ་ཁག་ནང་སྦྱོང་བརྡར་མུ་མཐུད་ནས་བྱེད་བཞིན་པ་དང་འཛུལ་ཞུགས་བྱེད་མཁན་གྱི་བུད་མེད་རྣམས་ཉིན་རེར་ཡར་རྒྱས་ཞེ་དྲག་འགྲོ་ཡི་འདུག ལོ་ལྔའི་ནང་དུ་རྒྱལ་སྤྱིའི་སྟེང་བོད་པའི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་མ་ཟད་༢༠༡༣ ནང་བོད་པའི་བུད་མེད་ལོ་༡༣ མན་གྱི་རྐང་སྤོལ་རུ་ཁག་ཅིག་བཟོ་ཐུབ་པ་བྱ་རྒྱུ་ཡིན། རྐང་སྤོལ་རྩེད་འགྲན་བརྒྱུད་ནས་བོད་པའི་བུད་མེད་ལ་རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་དཀའ་རྙོག་ངོ་མ་དེ་ཕྱིར་བསྒྲགས་བྱ་རྒྱུའི་གོ་སྐབས་ཡག་པོ་ཞིག་བསྐྲུན་ཐུབ་ཀྱི་རེད།
དྲི་བ། ཁྱེད་རང་གི་བོད་པའི་བུད་མེད་རྣམས་ལ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན། བོད་པའི་བུད་མེད་ཚོར་རྐང་སྤོལ་སྦྱོང་བརྡར་ནང་མཉམ་ཞུགས་གནང་རོགས་ཞེས་ཞུ་རྒྱུ་ཡིན། རྐང་སྤོལ་ཙམ་མ་ཡིན་པར་རྩེད་རིགས་གང་འདྲ་ཞིག་ཡིན་རུང་མཉམ་ཞུགས་དགོས་པ་དེ་གལ་ཆེ་ཤོས་རེད། སྤྱིར་བཏང་ནས་བོད་པའི་བུས་གང་བྱེད་ཐུབ་ཀྱི་ཡོད་པ་དེ་བུད་མེད་ཀྱིས་བྱེད་མི་ཐུབ་པ་གང་ཡང་ཡོད་པ་མ་རེད། རྐང་སྤོལ་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཁྲོད་དུ་བོད་པའི་བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུ་དེ་རེད། དམིགས་ཡུལ་དེ་འགྲུབ་པ་ཡིན་ན་སྤྱི་ཚོགས་ནང་བུད་མེད་ཞབས་འདེགས་ཞུ་མཁན་མང་བ་ཡོང་རྒྱུ་དང། དེ་མ་ཟད་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་ཐུབ་པ་ཞིག་ཡོང་ཐུབ་ཀྱི་རེད།།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༢ ཕྱི་ལོ་ ༢༠༡༢/༤/༡༡ ཉིན་བཀོད།