མཉམ་དུ་ལོངས།

 

 གངས་རི་སྤྲིན་ནག་གི་བང་རིམ་གསེབ་འཚང་སོང༌།

དག་ཞིང་མུན་ནག་གི་ཁྲིམས་རའི་ནང་ཐིམ་སོང༌།

བརྣག་ཁྲག་གཞུར་རྒྱུན་རིང་པའི་བཙོན་རྭ་ན།

དཔའ་བོ་སྟོང་གི་དགོད་སྒྲས་གནམ་ས་དབྲལ།

 

བདེན་པའི་རྣམ་ཤེས་བ་དོར་ནས་ལོག་བྱུང༌།

མེས་པོའི་ཚེ་སྲོག་དུར་ས་ནས་ལངས་བྱུང༌།

ཟུངས་ཁྲག་ཆུ་རྒྱུན་བཞུར་བའི་གཡུལ་ས་ནས།

རང་དབང་དཔའ་སྐད་འཛམ་གླིང་ཡོངས་ལ་ཁྱབ།

 

སྐྱིད་སྡུག་མི་ཡུལ་ལ་གཏོད་པའི་བོད་པའི་ལས་དབང༌།

ཕ་སའི་མདའ་མཚོན་གྱི་དྲག་ཆར་དེས་དཀྲོགས་བྱུང༌།

དཔུང་གདང་གཅིག་ཏུ་སྒྲིམ་པའི་བོད་རིགས་ཚོ།

འཛམ་གླིང་ཕྱོགས་མཐའ་ཡོངས་ནས་མཉམ་དུ་ལོངས།