མེ་ལྕེ།
<གཅིག>
ཁ་བ་ཆེས་མཐུག་ས་ནས
གནམ་གཤིས་ཆེས་གྲང་ས་ནས
ལོ་རྒྱུས་ཀྱི་དྲག་རླུང་འཚུབ་ཞིང་།
ཐལ་རྡུལ་གྱིས་རི་ལུང་བཀང
ད་དུང་ས་གཞི་ཡོངས་སུ་དམར་མདོག་ཏུ་བསྒྱུར་དུས།
ཁྲག་རྣག་གི་བང་རིམ་བརྟུལ་ཏེ།
བཟོད་སྒོམ་གྱི་སྒང་བུ་འཐོར་ནས།
མེ་ལྕེ་ཞིག་ཆེས་གྲང་ས་ནས་འབུད་དུ་ཐོན།
མེ་ལྕེ་དེ་ཆེས་ཚ་ས་རུ་འབར་རུ་སོང་།
<གཉིས>
ཚེ་སྲོག་ལ་བཞི་ཤད་འཁོད་དེ།
རྣམ་ཤེས་ཁྲི་ཕྲག་གི་འོ་དོད་ཁྲོད།
ཁ་བ་ཇེ་མཐུག་ཏུ་བབས་པའི་དགུན་གཞུང་དེར།
མེ་ལྕེ་གཅིག་དང་མེ་ལྕེ་གཉིས།
ད་དུང་མེ་ལྕེ་གསུམ་ཏེ་མེ་ལྕེ་དུ་མས།
ཁྱི་སྤྱང་གིས་ཁེངས་བའི་རི་གྲོང་དཀྲོགས་ལ།
ལོ་མང་རིང་གསོག་བའི་འཁྱགས་རོམ་དེ་ཡང་རིམ་གྱིས་བཞུ།
<གསུམ>
རེ་བ་ཡིས་ཕྱུག་པའི་མེ་ལྕེ་ཚོས།
མཛིས་སྡུག་གི་ཕྱོགས་སུ་དར་མཚོན་མཐེན་ལ
ལས་དབང་གི་བཅིངས་བའི་རྣམ་ཤེས་ཚོེས
ད་གཟོད་ཚེ་སྲོག་གི་རིན་ཐང་རྟོགས།
མེ་ལྕེ་ཨཱ་་་་་མེ་ལྕེ་་་་
ཁྱེད་ཀྱིས་ལོ་རྒྱུས་ལ་གཟི་འོད་བསྐྲུན་ལ
ཁྱེད་ཀྱིས་ལས་དབང་གི་ཁ་ལོ་བསྒྱུར།
ཁྱེད་མེད་ན། རི་གྲོང་འདི་སྟོང་ངེས་ལ
ཁྱེད་མེད་ན། རྣམ་ཤེས་ཚོ་བརླགས་ངེས།
ཁྱེད་ནི་ཆེས་བརྗིད་ཉམས་ལྡན་ལ།
ཁྱེད་ནི་ཆེས་ཡིད་དབང་འཕྲོག