ནུབ་ཕྱོགས་པའི་མིག་ནང་གི་བོད་དང་བོད་ཀྱི་གྲྭ་བ།

དྲི་བ། ཐོག་མར་ཁྱེད་རང་གཉིས་ཀྱི་ངོ་སྤྲོད་ཅིག་གནང་རོགས།

ལན། ངའི་མིང་ལ་ཕཱ་རིན་ཆེ་སུ་ཁོ་ཟེར། Francesco Tormeu ལོ་ཉི་ཤུ་རྩ་བདུན་ཡིན། ཕ་ཡུལ་ཨེའི་ཋ་ལེའི་ཡིན། ལོ་གཅིག་གི་སྔོན་ལ་ལྟ་གྲུབ་རིག་པའི་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་སོང་། མཐོ་རིམ་སློབ་གྲྭར་འགྲོ་སྐབས་ནང་ཆོས་ལ་དོ་སྣང་བསླེབས་སོང་། དེ་ནས་ནང་པའི་ཆོགས་ཚོགས་ཀྱི་འཐུས་མི་དང་མཉམ་དུ་སྐད་ཆ་བཤད་ནས་ནང་ཆོས་ཀྱི་སྐད་སྒྱུར་བྱ་རྒྱུའི་སློབ་སྦྱོང་གི་སྐོར་ལ་གྲོས་བསྡུར་བྱས་པ་ཡིན། དེ་ནས་ཟླ་ཁ་ཤས་ཀྱི་རྗེས་ལ་དགེ་བཤེས་ངག་དབང་སངས་རྒྱས་ལགས་མཇལ་སོང་། ཁོང་གི་ལམ་སྟོན་འོག་བོད་ཡིག་དང་ནང་ཆོས་སྦྱང་དུ་འདིར་འོང་བ་ཡིན།  

ལན། ངའི་མིང་ལ། ཁས་ཨ་ར། མ་ཁ་རེལ་ལོ་ཟེར། ཕ་ཡུལ་ཨེའི་ཋ་ལེའི་ཡིན། ལོ་ཉི་ཤུ་རྩ་དྲུག་ཡིན། ལོ་གཉིས་ཀྱི་གོང་ལ་ང་རང་ནུབ་ཕྱོགས་ཀྱི་ལྟ་གྲུབ་རིག་པའི་མཐོ་སློབ་ནས་མཐར་ཕྱིན་རྗེས་ཟླ་བ་དྲུག་གི་རིང་ལས་བྱས་པ་ཡིན། འོན་ཀྱང་ལས་ཀ་དེ་ང་རང་གི་བློར་མི་འཚམ་པས་གཡུག་བཞག་པ་ཡིན། ང་རང་ནང་ཆོས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་ཡོད། དེ་ནས་ངས་ཆོས་ཚོགས་ཀྱི་འཐུས་མི་དང་མཉམ་དུ་སྐད་ཆ་བཤད་ནས་ང་རང་གི་སློབ་སྦྱོང་གང་བྱེད་གདམ་ག་བྱེད་པར་བསམ་བློ་མང་པོ་བཏང་སྟེ། མཐའ་མ་དེར་ངས་ནང་ཆོས་དང་བོད་ཡིག་སྦྱང་རྒྱུའི་གདམ་ག་བྱས་པ་ཡིན། གང་ཡིན་ཟེར་ན་ནང་ཆོས་སྦྱངས་ན་ང་རང་དང་མི་གཞན་པ་གཉིས་ཀ་ལ་ཕན་ཐོགས་ཆེན་པོ་ཡོད་ས་རེད་བསམ་སོང་། འདིར་མ་ཡོང་སྔོན་ལ་ཨེའི་ཋ་ལེའི་ནས་བོད་ཡིག་འཛིན་གྲྭ་ཁ་ཤས་ལ་ཕྱིན་པ་ཡིན།
དྲི་བ། ཁྱེད་རང་གཉིས་ཀྱིས་ནང་ཆོས་དང་སྐད་སྒྱུར་གྱི་སློབ་སྦྱོང་བྱེད་པའི་དམིགས་ཡུལ་གང་ཡིན་ནམ།
ལན། ཁས་ཨ་ར། ང་ནང་ཆོས་ལ་དོ་སྣང་ཆེན་པོ་ཞེ་དྲག་ཡོད། གང་ཡིན་ཟེར་ན་ནང་པའི་གྲུབ་མཐའ་དེ་བརྟན་པོ་དང་རྒྱ་ཆེན་པོ་རེད། བོད་ཡིག་ལ་ཡང་དོ་སྣང་དང་སྦྱོང་འདོད་ཡོད། རྒྱུ་མཚན་ནི་བོད་ཡིག་དེ་ནང་ཆོས་ཤེས་པ་ལ་མེད་དུ་མི་རུང་བའི་ཐབས་ལམ་ཞིག་རེད། ངས་སློབ་སྦྱོང་འདི་བྱེད་པའི་དམིགས་ཡུལ་གཙོ་བོ་ཉམས་ལེན་བྱེད་པའི་ཆེད་དུ་ཡིན། ང་རང་ཉིད་གཅིག་པོའི་ཆེད་དུ་མ་ཡིན་པར་མི་མང་པོའི་ཆེད་དུ་དང་མི་མང་པོ་མཉམ་དུ་སློབ་སྦྱོང་གོ་བསྡུར་བྱེད་པར་དགའ་བོ་ཡོད། ངས་ནུབ་ཕྱོགས་ཀྱི་རིག་གཞུང་དང་ནང་པའི་རིག་གཞུང་གཤིབ་བསྡུར་གྱིས་ཕན་ཚུན་ཞབས་འདེགས་ཞུ་བའི་ལས་ཀ་བྱེད་འདོད་ཡོད། དཔེར་ན། དེང་སང་རྒྱལ་བ་རིན་པོ་ཆེ་དང་ནུབ་ཕྱོགས་པའི་མཁས་པ་མང་པོ་མཉམ་སུ་འཛོམས་ནས་ཕན་ཚུན་གོ་བསྡུར་དང་། ལེགས་ཆ་སྤེལ་རེས་བྱེད་བཞིན་པ་འདྲ་བོ་རེད།

ལན། ཕཱ་རིན་ཆེ་སུ་ཁོ། བསམ་ཚུལ་མང་ཆེ་བ་ཁས་ཨ་ར་དང་གཅིག་པ་ཡིན། འོན་ཀྱང་དེང་སྐབས་ཨེའི་ཋ་ལེའི་ནང་ལ་ཆོས་ཚོགས་མང་པོ་ཡོད་རེད། ཆོས་ཚོགས་དེ་ཚོ་ལ་ཆོས་སློབ་མཁན་གྱི་དགེ་བཤེས་ཤིག་དགོས་ཀྱི་འདུག་ལ་སྐད་སྒྱུར་ཚད་ལྡན་ཡང་དགོས་ཀྱི་འདུག ད་སྐབས་སྐད་སྒྱུར་ཚད་ལྡན་ཉུང་ཉུང་རེད་ལ་དེའི་སྐོར་གྱི་དེབ་ཀྱང་ཉུང་ཉུང་རེད། དེབ་ཁ་ཤས་ཡོད་ཀྱང་དེ་ཚོར་ནོར་འཁྲུལ་མང་པོ་འདུག ཨེའི་ཋ་ལེའི་ནང་གི་ནང་པ་ཚོས་སྒོམ་རྒྱག་གི་འདུག ཆོས་ཚོགས་ལ་འགྲོ་ཡི་འདུག སྨོན་ལམ་འདེབས་ཀྱི་འདུག འོན་ཀྱང་ཁོང་ཚོར་ནང་པའི་ལྟ་བ་དང་གྲུབ་མཐའི་སྐོར་གྱི་སློབ་སྦྱོང་ཞན་པོ་རེད། དེ་ཚོ་ལ་ཕན་ཐོགས་ཡོང་བའི་ཆེད་དུ་ནང་ཆོས་སྐད་སྒྱུར་གྱི་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན།
དྲི་བ། ཁྱེད་རང་གཉིས་བོད་པའི་སྤྱི་ཚོགས་སུ་བསླེབས་ནས་དུས་ཡུན་གང་འཚམ་སོང་བ་རེད་ལ་བོད་པ་མང་པོ་ངོ་ཤེས་ཆགས་ཡོད་རེད། དེས་ན་ཁྱེད་གཉིས་ཀྱི་མཐོང་སྣང་ལ་བོད་མི་ཚོར་ཕྱི་རྒྱལ་གྱི་མི་དང་མ་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་གང་འདྲ་འདུག བཟང་ངན་གཉིས་གང་གི་ཕྱོགས་ནས་ཡིན་ཡང་ཆོག
ལན། ཕཱ་རིན་ཆེ་སུ་ཁོ། བོད་པ་མང་ཆེ་བ་སེམས་བཟང་པོ་ཞེ་དྲག་འདུག འདིར་ཡོད་པའི་བོད་པའི་གྲྭ་བ་དང་མི་སྐྱ་ཚང་མས་ངེད་གཉིས་ལ་རོགས་པ་ཞེ་དྲག་བྱས་བྱུང་། དངོས་གནས་བྱས་བྱུང་། ཕྱི་རྒྱལ་ལ་མི་སེམས་བཟང་དེ་འདྲ་བྱེད་མཁན་ཉུང་ཉུང་རེད། དེ་དམིགས་བསལ་གྱི་བོད་པའི་ཁྱད་ཆོས་ཡག་ཤོས་གཅིག་རེད། ད་དུང་ཕྱི་རྒྱལ་དང་མི་འདྲ་བའི་ཁྱད་ཆོས་གཅིག་ནི་ཕྱི་རྒྱལ་གྱི་མི་ཚོས་རྒྱུན་དུ་བྲེལ་བ་ཚ་བོ་དང་། སེམས་ནང་ལ་སྔངས་སྐྲག་དང་ཚ་གེ་ཚིག་གེ་བྱེད་ཀྱི་འདུག བོད་པ་ཚོས་སེམས་ལྷོད་ལྷོད་དང་བག་ཕེབས་ཀྱི་ཐོག་ནས་ལས་ཀ་བྱེད་ཀྱི་འདུག དེ་དམིགས་བསལ་གྱི་བོད་པའི་ཁྱད་ཆོས་ཡག་པོ་ཞིག་རེད། བོད་པ་ཚོར་མོས་པ་དང་དད་པ་ཆེན་པོ་ཡོད་རེད། ནུབ་ཕྱོགས་སུ་བརྟག་དཔྱད་བྱ་རྒྱུ་དང་བསམ་བློ་ཡང་ཡང་གཏང་རྒྱུ་གལ་ཆེན་དུ་བརྩི་ཡི་རེད། ནང་ཆོས་ཀྱི་ནང་ལའང་བརྟག་དཔྱད་བྱེད་དགོས་པ་དང་བརྟག་དཔྱད་གལ་ཆེད་དུ་གསུང་ཡོད་རེད། འོན་ཀྱང་སྐྱ་སེར་དབྱེར་མེད་ཀྱི་བོད་པ་མང་པོ་ཞིག་གིས་བརྟག་དཔྱད་མ་བྱས་པར་དད་པ་དང་། མོས་པ་གཙོ་བོར་བྱེད་ཀྱི་འདུག དེ་ཞན་ཆའི་ཕྱོགས་སུ་མཐོང་སོང་། དེ་མིན་གྱི་སྐྱོན་གང་ཡང་མཐོང་མ་སོང་།
ལན། ཁས་ཨ་ར། ནུབ་ཕྱོགས་ཀྱི་མི་རྣམས་ཀྱི་ལྟ་སྟངས་ལ་སོ་སོ་འཛམ་བུ་གླིང་འདྲ་བོ་ཡོད་རེད། སོ་སོའི་སྒེར་སེམས་ཀྱི་ཚོར་ཤུགས་ཆེ་བ་དང་། སོ་སོ་སོ་སོའི་ལས་ཀ་བྱེད་པ་དང་། སོ་སོ་གཅིག་པུའི་ཆེད་དུ་ལས་ཀ་བྱེད་ཀྱི་རེད། དཔེར་ན། སོ་སོ་གཅིག་པོས་སློབ་སྦྱོང་བྱས། སོ་སོ་གཅིག་པོ་འཁྱམས་འཁྱམས་ལ་འགྲོ་བ་ལྟ་བུ་རེད། འོན་ཀྱང་བོད་པ་ཚོ་དེ་འདྲ་མ་རེད། བོད་པ་ཚོ་དང་བོད་པའི་གྲྭ་བ་ཚོས་ལས་ཀ་ཚང་མ་མཉམ་དུ་བྱེད་ཀྱི་འདུག བོད་པ་རྣམ་ཕན་ཚུན་འབྲེལ་བ་ཡག་པོ་ཞེ་དྲག་འདུག ནུབ་ཕྱོགས་ལ་དེ་འདྲ་མ་རེད། དཔེར་ན། ངས་ང་རང་གི་ཁྱིམ་མཚེ་ངོ་ཤེས་ཀྱི་མེད། ནུབ་ཕྱོགས་ལ་མི་རེ་རེར་དམིགས་ཡུལ་དང་སློབ་སྦྱོང་། ལས་ཀ གོམས་གཤིས་སོགས་ཀྱི་བར་ལ་ཁྱད་པར་ཞེ་དྲག་ཡོད་རེད། བོད་པ་ཚོ་ལ་གོམས་གཤིས་དང་བསམ་བློ་གཏོང་སྟངས་མང་ཆེ་བ་ཕལ་ཆེར་གཅིག་པ་རེད། ནུབ་ཕྱོགས་པ་རྣམས་རྟག་པར་སྒེར་སེམས་ཀྱི་དབང་དུ་སོང་ནས་རང་ཉིད་དང་། རང་གི་ཉིན་རེའི་ཚོར་བའི་སྐོར་ལ་དོ་སྣང་དང་ཞིབ་འཇུག་མང་པོ་བྱེད་ཀྱི་རེད། བོད་པ་ལ་ཚོར་བ་དེ་ཞེ་དྲག་ཡོད་མ་རེད། གང་ཡིན་ཟེར་ན་བོད་པ་ཚོ་མི་ཕན་ཚུན་གྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་འབྲེལ་བ་ལ་དོ་སྣང་ཤུགས་ཆེར་བྱེད་ཀྱི་འདུག དེ་ཁྱད་པ་རེད། ནུབ་ཕྱོགས་སུ་རང་ཉིད་གཅིག་པོའི་སྐོར་ལ་བསམ་བློ་མང་པོ་གཏོང་གི་རེད། རང་ཉིད་རྩ་ཆེན་པོ་ཞེ་དྲག་བརྩི་ཡི་རེད། བོད་པ་ཚོས་མི་གཞན་དག་དང་མི་གཞན་གྱི་འབྲེལ་བ་གལ་ཆེན་དུ་ལྟ་བས་སྒེར་སེམས་ཤུགས་ཆེན་པོ་རང་ཡོད་མ་རེད། ཁྱད་པ་དེ་འདྲ་ཞིག་མཐོང་གི་འདུག
དྲི་བ། ཁྱེད་རང་གཉིས་ཟླ་བ་ལྔ་ལྷག་བོད་ཀྱི་དགོན་པ་དང་མཉམ་དུ་བསྡད་པ་རེད། ཁྱེད་རང་གཉིས་ཀྱི་མཐོང་སྣང་ལ་བོད་ཀྱི་གྲྭ་བ་དང་དགོན་པའི་སྐོར་ལ་ལྟ་སྟངས་དང་བསམ་ཚུལ་གང་འདྲ་འདུག
ལན། ཁས་ཨ་ར། ངེད་གཉིས་དགོན་པའི་འགྲམ་ལ་བསྡད་ཡོད་ཀྱང་གྲྭ་བ་དང་མཉམ་དུ་མང་པོ་བསྡད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། ངེད་གཉིས་མི་སྐྱ་རེད། ད་དུང་ང་བུ་མོ་ཡིན་གཙང་གྲྭ་བ་དང་མཉམ་དུ་ཡུན་རིང་པོ་བསྡད་པར་དམིགས་བསལ་དཀའ་ངལ་ཡོད་རེད། ང་གྲྭ་བ་དང་མཉམ་དུ་ཡུན་རིང་ཞེ་དྲག་བསྡད་མེད། ལྷག་པར་དུ་སློབ་སྦྱོང་ཡག་པོ་བྱེད་མཁན་གྱི་གྲྭ་བ་དེ་ཚོ་ཐུག་ཁག་པོ་ཞེ་དྲག་འདུག གྲྭ་བ་དེ་ཚོས་སློབ་སྦྱོང་མང་པོ་བྱེད་ཀྱི་འདུག ཆོས་ར་ལ་འགྲོ་ཡི་འདུག རྩོད་པ་རྩོད་ཀྱི་འདུག ཤག་ལ་སློབ་སྦྱོང་བྱེད་ཀྱི་འདུག འོན་ཀྱང་གྲྭ་བ་གཞན་དག་དང་མཉམ་དུ་ངས་སྐད་ཆ་མང་པོ་བཤད་པ་ཡིན། དེ་ཚོ་སློབ་སྦྱོང་ལ་དོ་སྣང་དེ་ཙམ་མི་བྱེད་པའི་གྲྭ་བ་ཚོང་ཁང་དང་། ཟ་ཁང་སོགས་སུ་ལས་ཀ་བྱེད་མཁན་དེ་ཚོ་རེད། གྲྭ་བ་དེ་ཚོས་ལས་ཀ་མང་པོ་བྱེད་དགོས་པས་འཚོ་བ་སྐྱེལ་སྟངས་ཀྱི་ཆ་ནས་གྲྭ་བ་དངོས་གནས་རང་ཆགས་ཀྱི་ཐུབ་ཀྱི་མི་འདུག དགོན་པའི་ཚོང་ཁང་དང་། ཟ་ཁང་མང་པོ་ཡོད་རེད། ངས་བསམ་པ་ལ་ལས་ཀ་བྱེད་མཁན་གྱི་གྲྭ་བ་དེ་ཚོ་གྲྭ་བའི་འཚོ་བ་སྐྱེལ་སྟངས་དང་ཐག་རིང་དུ་འགྲོ་ཡི་རེད་བསམ་གྱི་འདུག ང་ནུབ་ཕྱོགས་ལ་ཡོད་སྐབས། བོད་པའིདགོན་པ་དེ་ཚོ་ཁུ་སིམ་པོ་དང་། ལྷོད་ལྷོད། བརྟན་པོ་ཡོད་ས་རེད་བསམ་སོང་། ཡིན་ན་ཡང་འདིར་འཕྲུལ་འཁོར་མང་པོ་འདུག ཚོང་ཁང་མང་པོ་འདུག གྲྭ་བ་ཚོ་ཟ་ཁང་དང་ཚོང་ཁང་ལ་འགྲོ་ཡི་འདུག འདིར་གྲོང་ཁྱེར་འདྲ་བ་བོ་འདུག ལྷ་ཁང་གི་ནང་ལ་ཡང་སྐད་ཆེན་པོ་རྒྱག་གི་འདུག ཁ་པར་གཏོང་གི་འདུག ངས་ཨ་་་ཡ་མཚན་བསམ་སོང་། དེ་ང་རང་གི་སྔོན་མའི་བསམ་ཚུལ་དང་ལོགས་ཁ་ཆགས་སོང་།
ལན། ཕཱ་རིན་ཆེ་སུ་ཁོ། འདིར་ཁོར་ཡུག་སྐྱིད་པོ་འདུག ངས་བསམ་པར་སྔོན་མ་བོད་ལ་དགོན་པ་དེ་ཚོ། ས་ཆ་ཁུག་ཀྱོག་དང་། རིའི་སྒང་། ཁུ་སིམ་པོ། གནས་དབེན་པ་དེ་འདྲ་ལ་ཡོད་རེད་བསམ་གྱི་འདུག་ལ་དེས་ཉམས་ལེན་བྱེད་པར་ཕན་ཐོགས་ཡོད་རེད་བསམ་གྱི་འདུག དེང་སང་གྲྭ་བ་ཚང་མར་ལག་ཐོགས་ཁ་པར་ཡོད་རེད། ཚོང་ཁང་དང་། ཟ་ཁང་། གྲོང་འཁྱེར་ནང་ལ་འགྲོ་ཡི་ཡོད་རེད། གྲྭ་བ་ཁ་ཤས་ཀྱིས་ག་དུས་ཡིན་ན་བཞེས་གཏོང་གི་འདུག དེ་ཚོ་ཡག་པོ་རེད། ཡིན་ན་ཡང་གཅིག་བྱས་ན་དེས་གྲྭ་བ་ཚོ་རྣམ་གཡེང་གི་ཕྱོགས་སུ་འགྲོ་བར་མཐུན་རྐྱེན་སྐྲུན་གྱི་རེད། སྔོན་མ་བོད་ནང་གི་དགོན་པ་དེ་ཚོས་ག་དུས་ཡིན་ན་སྒོམ་རྒྱག་གི་ཡོད་ས་རེད་བསམ་གྱི་འདུག འོན་ཀྱང་དེང་སང་འདིར་ངས་ངོ་ཤེས་པའི་གྲྭ་བ་དེ་ཚོས་སྒོམ་ཞེ་དྲག་རྒྱག་གི་མི་འདུག་བསམ་སོང་།  ནང་ཆོས་ནང་ལ་སྒོམ་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་འདུག རྒྱལ་བ་རིན་པོ་ཆེས་ཀྱང་སྒོམ་གལ་ཆེན་དུ་གསུང་གི་འདུག དེ་གང་འདྲ་ཡིན་མིན་ངས་གསལ་བོ་ཤེས་མ་སོང་། ད་ལྟ་ངས་ནང་ཆོས་ཀྱི་གཞུང་གི་དོན་དག་དེ་ཚོ་ཡག་པོ་ཤེས་ཀྱི་མེད།
(ཕཱ་རིན་ཆེ་སུ་ཁོ། ཁས་ཨ་ར། གཉིས་ཀས་མཉམ་དུ།) ཡིན་ཡང་གསལ་བོར་བཤད་དགོས་པ་ཞིག་ལ་གྲྭ་བ་དེ་ཚོས་ངེད་གཉིས་ལ་རོགས་པ་ཡག་པོ་བྱས་བྱུང་ལ་གྲྭ་བ་ཚོ་སྤྱོད་པ་ཡག་པོ་ཞེ་དྲག་འདུག དེ་དངོས་གནས་ཡིན།
དྲི་བ། དེང་སང་གི་འཛམ་གླིང་སྤྱི་ཚོགས་ནང་ལ་ན་ཆོས་དེ་གལ་ཆེན་པོ་ག་ཚད་རེད་དམ། གལ་ཆེན་པོ་ཡིན་ན། རྒྱུ་མཚན་ག་རེ་བྱས་ནས་གལ་ཆེན་པོ་རེད།
ལན། ཕཱ་རིན་ཆེ་སུ་ཁོ། དེང་གི་འཛམ་གླིང་མི་མང་ལ་ནང་ཆོས་གལ་ཆེན་པོ་རེད། རྒྱུ་མཚན་ནི་འཛམ་གླིང་གི་མི་ཚང་མར་ཉོན་མོ་མང་པོ་ཞེ་དྲག་ཡོད་རེད། དེ་ཉུང་དུ་འགྲོ་བའི་ཐབས་ལམ་ནང་ཆོས་སུ་གསུང་གི་ཡོད་རེད། ནང་ཆོས་ཀྱི་གཞུང་དུ་བཤད་པའི་བསམ་བློ་གཏོང་སྟངས་དང་སེམས་ཀྱི་སྐོར། བརྟག་དཔྱད་བྱེད་སྟངས་དེ་ཚོ་འཛམ་གླིང་ལ་ཕན་ཐོགས་ཆེན་པོ་ཡོད་རེད། ནང་པའི་སེམས་ཀྱི་སྐོར་དང་བརྟག་དཔྱད་ཀྱི་རིགས་ལམ་དེ་ཚོ་ཚན་རིག་དང་གཅིག་པ་རེད། ནང་ཤེས་པའི་སྐོར་ལ་ནུབ་ཕྱོགས་སུ་བརྟག་ཐབས་དང་འགྲེལ་བཤད་ཉུང་ཉུང་རེད། དེའི་ཕྱིར་ནང་ཤེས་པའི་ཚན་རིག་དེ་ཚོ་འཛམ་གླིང་མི་མང་ལ་ཕན་ཐོགས་ཆེན་པོ་ཆེན་པོ་ཡོད་རེད། ནང་བའི་དད་པ་དང་མོས་པ་དེ་ཚོ། བསམ་བློ་དེ་ཚོ་དང་འབྲེལ་བ་ཡོད་རེད། ཡིན་ཡང་དད་པ་དང་མོས་པ་དེ་ཚོ་འཛམ་གླིང་གི་མི་མང་ལ་དགོས་གལ་ཆེན་པོ་རང་མི་འདུག མི་རིགས་ཚང་མར་སོ་སོའི་དད་མོས་དང་ཆོས་དད་འདུ་ཤེས་རེ་ཡོད་རེད། དཔེར་ན། ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་ཞིག་གིས་ནང་བའི་སངས་རྒྱས་ལ་དད་པ་བྱས་ན་དམིགས་བསལ་ཕན་ཐོགས་ཆེན་པོ་ཡོང་གི་མ་རེད། རྒྱལ་བ་རིན་པོ་ཆེས་ཀྱང་དེ་ལྟར་གསུངས་སོང་། ནང་པའི་སེམས་ཀྱི་ཚན་རིག་དང་སྟོང་བ་ཉིད། རྟེན་འབྲེལ་ལྟོས་གྲུབ་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱས། ཉམས་ལེན་བྱས་ན་རང་རང་གི་ཆོས་དད་དོར་དགོས་ཀྱི་མི་འདུག དེ་ཕན་ཐོགས་དང་ཡག་པོ་འདུག འོན་ཀྱང་ནང་བའི་ཚན་རིག་དང་། ལྟ་གྲུབ། ནང་པའི་ཆོས་རྣམས་ཕན་ཚུན་འབྲེལ་མང་པོ་ཡོད་པས་ཁ་ཁ་དབྱེ་བ་དཀའ་ལས་ཁག་པོ་རེད། དེ་དཀའ་ངལ་ཞིག་རེད། དེ་གཉིས་ཁ་ཁ་དབྱེ་ཐུབ་མིན་ངས་ཤེས་མ་སོང་།
ལན།  ཁས་ཨ་ར། ནུབ་ཕྱོགས་སུ་མི་མང་ཆེ་བས་བླ་མའམ་སློབ་སྟོན་པ་ཞིག་བསྟེན་གྱི་འདུག ནུབ་ཕྱོགས་སུ་སེམས་ལ་དཀའ་ངལ་མང་པོ་ཡོད་རེད། སེམས་པ་སྐྱིད་པོ་མེད་གཙང་། སློབ་སྟོན་བྱེད་མཁན་དགོས་ཀྱི་ཡོད་རེད། བླ་མ་བསྟེན་སྐབས་བརྟག་དཔྱད་མང་པོ་མ་བྱས་པར་དད་པ་བྱེད་ཀྱི་འདུག མཚམས་རེར་བླ་མ་ཚད་ལྡན་མིན་པ་དེ་འདྲ་ཡོང་གི་འདུག བླ་མ་དང་སློབ་མའི་འབྲེལ་བ་ཚད་ལྡན་དང་བརྟན་པོ་རང་མི་འདུག སྔོན་ལ་བླ་མ་ཚད་ལྡན་ཡིན་མིན་གྱི་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་འདུག ཡིན་ཡང་མི་མང་ཆེ་བས་དེ་ཤེས་ཐུབ་ཀྱི་མི་འདུག དེ་ཡར་རྒྱས་གཏང་དགོས་ཀྱི་འདུག
དྲི་བ། ད་བར་དུ་ཁྱེད་རང་གཉིས་ཀྱིས་སློབ་སྦྱོང་བྱས་པའི་ནང་ཆོས་ཀྱི་ནང་ནས་ཁྱེད་རང་གི་བློ་ལ་བབ་ཤོས་ཀྱི་བརྗོད་བྱ་དེ་གང་ཡིན་ནམ།
ལན། ཕཱ་རིན་ཆེ་སུ་ཁོ། ང་གྲུབ་མཐའི་སྐོར་ལ་དོ་སྣང་ཆེན་པོ་ཡོད། ནུབ་ཕྱོགས་ཀྱི་མི་ཚོས་བདེ་སྐྱིད་དང་། དགོས་མཁོ་ཚང་མ་ཕྱི་དངོས་པོ་ཁོ་ན་ལས་འོང་བར་བསམ་གྱི་ཡོད་རེད། ད་དུང་དངོས་པོ་ཚང་མ་མཐོང་སྣང་ནང་བཞིན་གྲུབ་པར་ངོས་འཛིན་བྱེད་ཀྱི་ཡོད་རེད། འོན་ཀྱང་ནང་ཆོས་ཀྱི་གཞུང་དུ་སེམས་དང་ཕྱིའི་ཆོས་ཀྱི་བར་དུ་འབྲེལ་བ་དམ་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག རང་བཞིན་གྱིས་མ་གྲུབ་བཤད་ཀྱི་འདུག དཔེར་ན་སེམས་ཙམ་པས་གཉིས་སྟོང་ཁས་ལེན་པ་ལྟ་བུ་རེད། ནུབ་ཕྱོགས་ཚན་རིག་པས་སེམས་ཀྱི་སྐོར་ལ་མང་པོ་ཤེས་ཀྱི་ཡོད་པ་མ་རེད། དེ་ཚོས་ནུབ་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད། ངའི་སྣང་བ་འགྲོ་ཤོས་ཀྱི་བརྗོད་བྱ་དེ་ཚོ་ཡིན། དེང་སང་ནུབ་ཕྱོགས་སུ་ཡེ་ཤུའི་ཆོས་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་འགྲོ་བཞིན་འདུག ཚན་རིག་ལ་ཡིད་ཆེས་དང་དགའ་མོས་ཤུགས་ཆེན་རེད། ཡིན་ན་ཡང་ཚན་རིག་ནང་ལ་དངོས་པོ་དེ་ཚོ་སྣང་བ་ལྟར་མ་གྲུབ་པ་དང་རང་བཞིན་གྱིས་མ་གྲུབ་པར་སྨྲ་མཁན་ཉུང་ཉུང་རེད། ནང་པའི་གཞུང་དུ་དེའི་སྐོར་ལ་རྒྱས་པོ་དང་ཞིབ་ཚགས་པོ་འདུག དེས་ནུབ་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཞེ་དྲག་ཡོད་ས་རེད།
ལན། ཁས་ཨ་ར། དེའི་སྐོར་ལ་ངེད་གཉིས་བསམ་ཚུལ་གཅིག་པ་རེད། ངའི་བསམ་ཚུལ་གཅིག་ནི་དེང་སང་ཚན་རིག་སྐོར་ལ་ཡར་རྒྱས་མང་པོ་ཕྱིན་སོང་། ད་ལྟ་ཚན་རིག་ཡང་ཕྲ་མོ་དང་གཏིང་ཟབ་པོའི་ཐོག་ལ་འགྲོ་ཡི་འདུག ངས་བསམ་པར་ཚན་རིག་དང་ནང་བའི་མཐའ་མའི་གྲུབ་དོན་ཕལ་ཆེར་གཅིག་པ་ཡིན་ས་རེད། ངས་དེ་འདྲ་ཞིག་མཐོང་གི་འདུག
དྲི་བ། སྤྱིར་བཏང་ཕྱི་རྒྱལ་གྱི་མི་རྣམས་གྱིས་བོད་ཀྱི་གྲྭ་བའི་སྐོར་ལ་མཐོང་སྣང་དང་ལྟ་ཚུལ་གང་འདྲ་འདུག
ལན། ཕཱ་རིན་ཆེ་སུ་ཁོ། ཕྱི་རྒྱལ་གྱི་མི་མང་ཆེ་བས་བོད་ཀྱི་གྲྭ་བའི་གནས་ཚུལ་ཤེས་ཀྱི་ཡོད་པ་མ་རེད། ཁོང་ཚོས་བོད་ཀྱི་གྲྭ་བ་ཚོས་བོད་ནང་གི་གནས་དབེན་པའི་རི་ཁྲོད་ལྟ་བུར་བསྡད་ནས་སྒོམ་རྒྱབ། སྨོན་ལམ་བཏབ། འདོན་པ་འདོན་ནས་བསྡད་ཀྱི་ཡོད་རེད་བསམ་གྱི་འདུག བོད་ཀྱི་གྲྭ་བ་ཚོས་སློབ་སྦྱོང་འདི་འདྲ་མང་པོ་བྱེད་ཀྱི་ཡོད་པ་ཤེས་ཀྱི་མི་འདུག གང་ཡིན་ཟེར་ན་ནུབ་ཕྱོགས་སུ་བོད་ཀྱི་གྲྭ་བའི་སྐོར་ལ་གློག་བརྙན་ཁ་ཤས་ཡོད་པ་དེ་ཚོའི་ནང་བོད་གྱི་དགོན་པ་རྣམས་དེ་འདྲ་བོ་སྟོན་གྱི་འདུག ཁོང་ཚོའི་མཐོང་སྣང་གི་བོད་ཀྱི་གྲྭ་བ་དང་དགོན་པ་དེ་ཚོ་དོན་དངོས་ཀྱི་བོད་ཀྱི་དགོན་པ་དང་གྲྭ་བ་རྣམས་དང་ཁྱད་པར་ཆེན་པོ་འདུག ཡིན་ན་ཡང་ཁོང་ཚོའི་སེམས་ནང་ལ་བོད་ཀྱི་གྲྭ་བ་ཚོ་སེམས་བཟང་པོ་དང་། སེམས་ཞི་བདེ་ཡོད་པར་ངོས་བཞིན་བྱེད་ཀྱི་འདུག
དྲི་བ། མཐའ་མ་དེ་ལ་ཁྱེད་གཉིས་ལ་དམིགས་བསལ་གསུང་རྒྱུ་གང་ཡོད་དམ།
ལན། ཕཱ་རིན་ཆེ་སུ་ཁོ། ངས་མཐའ་མ་དེ་ལ་བོད་པ་ཚང་མ་དང་། གྲྭ་བ་ཚང་མ། ལྷག་པར་དུ་ངེད་གཉིས་ལ་རོགས་པ་བྱེད་མཁན་གྱི་བོད་པ་ཚང་མར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོས་དངོས་གནས་ངེད་གཉིས་ལ་རོགས་པ་མང་པོ་བྱས་སོང་། ང་ས་ཆ་མང་པོར་འགྲོ་མྱོང་། མི་རིགས་གཞན་པ་ལ་དེ་འདྲའི་སེམས་བཟང་པོ་དང་ཡ་རབས་ཡོད་མ་རེད། ད་ལྟ་བོད་པ་ལ་དཀའ་ངལ་མང་པོ་འདུག གང་མགྱོགས་བོད་པ་ཚང་མ་ཞི་བདེའི་ངང་མཉམ་འཛོམས་ཡོང་བའི་རེ་བ་དང་སྨོན་ལམ་ཡོད།
ལན། ཁས་ཨ་ར། ནུབ་ཕྱོགས་ལ་མིའི་བར་གྱི་འབྲེལ་བ་གལ་ཆེན་པོ་མ་རེད། དངུལ་གལ་ཆེན་པོ་རེད། སྙན་གྲགས་གལ་ཆེན་པོ་རེད། སྒེར་སེམས་གལ་ཆེན་པོ་རེད། འོན་ཀྱང་བོད་པ་ལ་མིའི་ཕན་ཚུན་གྱི་འབྲེལ་བ་གལ་ཆེན་པོ་རེད། ང་འདིར་བསླེབས་ནས་སྤྱི་ཚོགས་འདི་ངའི་ནང་མི་འདྲ་བོ་ཚོར་སོང་། དེ་བོད་པའི་ཁྱད་དུ་འཕགས་པའི་ཁྱད་ཆོས་དང་ཡོན་ཏན་ཞིག་རེད། དེ་དངོས་གནས་ཡག་པོ་འདུག ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།