ཨི་རག་གི་འོས་བསྡུའི་དཀའ་རྙོག
མི་མང་པོ་ཞིག་གིས་བསམ་པར་ཨི་རག་རྒྱལ་ཁབ་ཀྱི་མི་མང་ཡོངས་སུ་རྫོགས་པ་ཁ་ཆེའི་ཆོས་ལུགས་པ་ཤ་སྟག་ཡིན་པས། ཆོས་ལུགས་ཀྱི་འཁོན་འཛིན་ཇི་ལྟར་སླེབས་སམ་སྙམ་སྲིད་ལ། ལྷག་དོན་གོ་ལའི་སྟེང་གི་ཁ་ཆེའི་ཆོས་ལུགས་པ་ཚོ་ཆོས་ལུགས་འདུ་ཤེས་ཀྱི་ལྟ་བའི་འོག་ཆིག་སྒྲིལ་གྱི་ནུས་པ་ནི་ཆེས་བསམ་ཡུལ་ལས་འདས་པ་ཞིག་རེད། ཁོ་པ་ཚོས་ཁ་ཆེའི་དམག་འཁྲུག་མང་པོ་ཞིག་ལ་ལྷའི་དམག་འཁྲུག་ཟེར་ནས་ཕོ་མོ་དབྱེར་མེད་ཀྱིས་རང་སྲོག་བློས་གཏོང་བྱེད་མཁན་ཧ་ཅང་མང་པོ་ཡོད་ལ། དཀྱིལ་ཤར་ཁ་ཆེའི་དམག་འཁྲུག་ལངས་སྐབས་ཨེ་ཤ་ཡའི་ཁ་ཆེ་ཚོ་དྭངས་བླངས་ཐོག་རོག་རམས་ལ་འགྲོ་སྲོལ་ཡོད་པ་དང༌། རང་སྲོག་བློས་གཏོང་བྱེད་མཁན་དྭངས་བླངས་བ་མང་པོ་ཞིག་གིས་དངོས་སུ་ལས་ལ་མ་ཞུགས་པའི་སྔོན་དུ་བརྙན་འཕྲིན་འཁོར་ཐག་ནང་ཁ་ཆེམས་ལྟ་བུའི་སྡོམ་ཚིག་འགའ་རེ་འཇོག་སྲོལ་ཡོད་པའི་ནང༌། ཁ་ཆེམས་མང་ཆེ་བ་ནི་ཆོས་ལུགས་དང་འབྲེལ་བའི་མི་རིགས་ཀྱི་དོན་དུ་ཡིན་ཟེར་བ་ལས་གཞན་ཅི་ཡང་བརྗོད་རྒྱུ་མེད་པ་རེད། དཔེར་ན། ལ་ལས་ང་དཀོན་མཆོག་གིས་བཟོས་པ་རེད་ངས་དཀོན་མཆོག་གི་དོན་དུ་སྲོག་གཏོང་ངེས་ཡིན་ཟེར་བ་དང༌། ཡང་ལ་ལས་ནུབ་ཕྱོགས་པས་ཁ་ཆེའི་ཆོས་ལུགས་དང་ཁ་ཆེའི་མི་རིགས་རྩ་མེད་གཏོང་འདོད་ཡོད་པས། ངས་ཆོས་ལུགས་དང་ཁ་ཆེའི་མི་རིགས་གཉིས་ཇི་སྲིད་གོ་ལ་མ་འཇིག་བར། དེ་སྲིད་དུ་གནས་ཐབས་བྱེད་ངེས་ཡིན་ཟེར་བ་སོགས་རེད། ཡིན་ན་ཡང་ཁ་ཆེའི་ཆོས་ལུགས་ནང་ཁུལ་དུ་གྲུབ་མཐའ་ལྟ་བུའི་སྡེ་ཁག་གཉིས་ཡོད་པ་དེ་ཡང་ཡང་ནང་འཁྲུག་ཤོར་གྱི་ཡོད་པ་དང༌། ད་ལྟའི་ཨི་རག་གི་འོས་བསྡུའི་ཟིང་འཁྲུག་འདིའང་ཆོས་ལུགས་སྡེ་ཁག་གཉིས་ཕྱོགས་གཉིས་སུ་གྱེས་ཏེ་གྲོས་ཚོགས་ཀྱི་རྐུབ་སྟེགས་སྟངས་འཛིན་བྱེད་ཕྱོགས་ཐད་ལ་མ་འཆམ་པའི་རྐྱེན་གྱིས་ཡིན་པ་རེད།
དེ་ཡང་ཨི་རག་ཏུ་སཱ་ནིའི་དང་ཤཱའི་ཡ་ཟེར་བའི་ཁ་ཆེའི་ཆོས་ལུགས་སྡེ་ཁག་གཉིས་ཡོད་པའི་ནང༌། ཕྱི་ལོ་༢༠༠༥ ལོའི་འོས་བསྡུའི་སྐབས་ཨི་རག་གྲོས་ཚོགས་ཤཱའི་ཡ་ཟེར་བའི་ཚོགས་པ་འདིས་ཡོངས་སུ་སྟངས་འཛིན་བྱས་པ་རེད། ལོ་འདིའི་མཇུག་ཏུ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་ཀྱི་བདེ་འཇགས་ཆེད་ད་ལྟ་ནས་ཨི་རག་ནང་གྲ་སྒྲིག་བྱེད་བཞིན་ཡོད་པ་དང༌། ལོ་བཞིའི་སྔོན་གྱི་འོས་བསྡུ་ཆེན་མོའི་སྐབས་སཱ་ནིའི་ཟེར་བའི་ཚོགས་པ་འདིའི་འོག་གི་མི་མང་ཚོས་འོས་ཤོག་བླུག་འདོད་མེད་ཚུལ་དང༌། འོས་བསྡུའི་མཐའ་མཇུག་གི་གྲུབ་འབྲས་ནི་འཚེ་བ་རེད་ཟེར་བ་སོགས་ཀྱིས་སྐད་འབོད་ཐེངས་མང་བྱས། རྗེས་སུ་ཤཱའི་ཡ་ཚོགས་པས་གྲོས་ཚོགས་འཛིན་སྐབས་དེ་བས་ཀྱང་ངོ་རྒོལ་ཤུགས་ཆེར་བྱས་པ་དང༌། ཉེ་དུས་ཀྱང་འོས་མི་གསུམ་ལ་མེ་མདའ་བརྒྱབ་སྟེ་ལྐོག་གསོད་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།
ཕྱི་ཟླ་༡ པོའི་ཟླ་མཇུག་ནས་ས་གནས་ཁག་ཏུ་སྔོན་འགྲོའི་འོས་ཤོག་འགོ་བཙུགས་པ་དང་ཨི་རག་དབུས་གཞུང་གིས་གསལ་བསྒྲགས་བྱས་པ་ལྟར་ན། ལོ་འདིའི་འོས་བསྡུ་ཆེན་པོའི་སྐབས་སྔོན་ལྟར་དྲག་སྤྱོད་མི་ཡོང་བའི་ཆེད་དུ་ཨི་རག་གི་རྒྱལ་མཚམས་ཁག་ཏུ་འགྲོ་འོང་བཀག་སྡོམ་བྱས་པ་དང༌། དེ་བཞིན་རྒྱལ་ས་དང་གྲོང་ཁྱེར། མཚན་འགྲུལ་སོགས་ལ་དམིགས་བསལ་གྱིས་སྟངས་འཛིན་བྱེད་རྒྱུ། སྔོན་ལྟར་བུད་མེད་རང་སྲོག་བློས་གཏོང་མཁན་འཇིགས་སྐུལ་རིང་ལུགས་པ་བཀག་འགོག་ཆེད་དུ། དགེ་རྒན་དང་སྤྱི་ཚོགས་ཞབས་ཞུ་བ་སོགས་བུད་མེད་བརྒྱ་ལྷག་ཙམ་ཞིག་བུད་མེད་འོས་འཕེན་མཁན་རྣམས་ལ་ཞིབ་འཇུག་བྱེད་མཁན་ཆེད་དུ་གསར་འཛུགས་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།
འོན་ཀྱང་ཨི་རག་ཏུ་བཅའ་སྡོད་བྱས་ཡོད་པའི་ཨ་རིའི་དམག་དཔུང་ཁང་གི་དམག་སྤྱིས། འོས་ཤོག་གི་སྐབས་སུ་ཨོ་ལའི་ཁེའ་ཌཱ་འཇིགས་སྐུལ་རིང་ལུགས་ཀྱིས་དྲག་སྤྱོད་སྤེལ་འཆར་ཡོད་པས་ངེས་པར་དུ་ཡིད་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་ཚོགས་པས། འཛམ་གླིང་གི་འཁྲུག་རྩོད་མང་པོ་ཞིག་ནི་གལ་ཆེན་རང་བཞིན་ལྡན་པའི་འོས་བསྡུ་ཆེན་མོའི་སྐབས་སུ་ཕྱོགས་ཞེན་འཐེན་འཁྱེར་ལ་བརྟེན་ནས་ཡོང་གི་ཡོད་པའི་སྐོར་ནན་བརྗོད་བྱས་ཡོད་པ་དང༌། ཨི་རག་གི་ཚགས་ཤོག་གཅིག་གི་སྟེང་དུའང་ཕྱི་ལོ་༢༠༠༥ ཟླ་བ་༡ པོའི་ཨི་རག་གི་འོས་བསྡུ་ཆེན་མོ་དེས་ཨི་རག་ནང་ཁུལ་ལ་འཁྲུག་རྩོད་ཀྱི་ལམ་བུ་གསར་པ་ཞིག་བཟོས་པ་དང༌། འོས་བསྡུ་དེས་སླར་ཡང་ཨི་རག་ཞི་བདེའི་ལམ་ཕྱོགས་སུ་བསྐྱོད་པ་ལ་རྒྱང་ཐག་རིང་པོ་བཟོས་སོང་ཞེས་བཀོད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
ཟླ་འདིའི་ཚེས་༣༡ ཉིན་ས་ཁུལ་༡༨ ལྷག་ཙམ་ཞིག་ནས་འོས་མི་༡༤༠༠༠ ཙམ་འཛུལ་ཞུགས་བྱས་ཡོད་ཀྱང་རྐུབ་སྟེགས་༤༤༠ ལས་མེད་པ་རེད། ས་གནས་འོས་བསྡུ་ལྷན་ཁང་ཁག་གི་འོས་གཞིའི་ནང་ཞུགས་མཁན་མངའ་སྡེ་བློན་ཆེན་ད་ལྟ་ཕྱི་རྒྱལ་ཁག་ལ་དཔལ་འབྱོར་སྟངས་འཛིན་བྱེད་མཁན་དང་འཛིན་སྐྱོང་འཆར་འགོད་བྱེད་མཁན་ཞིག་ལ་རེ་བ་རྒྱག་བཞིན་ཡོད་པ་དང༌། འོས་བསྡུ་འདི་སྟངས་འཛིན་བྱེད་མཁན་གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་དང་ཨི་རག་གི་རང་དབང་ཅན་གྱི་ཆེས་མཐོའི་འོས་བསྡུ་ལྷན་ཁང་སོགས་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།
