ཁམས་བྲག་མགོ་གྲྭ་པ་བཞི་གར་སོང་ཆ་མེད།
འདི་ལོའི་ཕྱི་ཟླ་༡ ཚེས་༢༣ ཉིན་མོར་བོད་མདོ་ཁམས་བྲག་མགོ་རྫོང་ཐོག་ཏུ་བོད་མིའི་ཞི་རྒོལ་གྱི་ལས་འགུལ་བྱུང་ནས་ཉིན་གསུམ་བཞི་ཙམ་གྱི་རྗེས་སུ། ཁྲིན་ཏུའུ་གྲོང་ཁྱེར་ནས་རྒྱ་གཞུང་གི་ཉེན་རྟོག་པས་སྤྲུལ་སྐུ་དང་གྲྭ་པ་ཁག་ཅིག་འཇུ་བཟུང་བྱས་ཡོད་ན། ད་ལྟའི་གནས་སྟངས་ཤེས་རྟོགས་མེད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན། ལོ་འདིའི་ཟླ་༡ ཚེས་༢༣ ཉིན་ཁམས་བྲག་མགོ་རྫོང་ཐོག་ཏུ་བོད་མིའི་ཞི་རྒོལ་གྱི་གནས་ཚུལ་བྱུང་ཞིང། ངོ་རྒོལ་ཁྲོད་དུ་བོད་མི་གཉིས་རྒྱ་དམར་གྱིས་དམར་གསོད་བཏང་ཡོད། དེའི་རྗེས་སུ་ངོ་རྒོལ་བ་རྣམས་འཇུ་བཟུང་བྱེད་སྐབས། བྲག་མགོ་ནོར་ཆུང་ཤང་དུ་ཡོད་པའི་ཕ་དགའ་རབ་ཉི་མའི་བུ་གཉིས་མེ་མདས་དམར་གསོད་བྱས་ཏེ་བསྡོམས་པས་མི་བཞི་དམར་གསོད་དང། འཇུ་བཟུང་བྱས་ཟིན་པ་མང་དུ་ཡོད་པའི་ཁྲོད་ནས་ཁྲིམས་ཐག་བཅད་ཟིན་པ་མི་སུམ་ཅུ་ལྷག་ཙམ་ཡོད་པ་ང་ཚོས་གསལ་ཐག་ཆོད་པོ་ཧ་གོ་ཡོད།
འོན་ཀྱང་ལས་འགུལ་གྱི་ཉིན་ཤས་རྗེས་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནས་འཇུ་བཟུང་བྱས་པའི་དགེ་འདུན་པ་བཞི་ད་བར་དུ་ཟླ་བ་གསུམ་ལྷག་ཙམ་སོང་ཡོད་ཀྱང། ཁོང་རྣམས་ཀྱིས་ནག་ཉེས་ཅི་བསགས་ཡོད་པ་དང། ད་ལྟ་ཤི་གསོན་ཅི་ཡིན། གར་ཡོད་གར་ཁྲིད། ཁྲིམས་ཐག་བཅད་པའི་གནས་ཚུལ་བཅས་ཅི་ཡང་གོ་རྒྱུ་མེད་པར་གྱུར་འདུག
བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་ཟེར་ན་ཁོང་ཚོ་ལས་གཅིག་རྒྱ་དམར་གྱིས་དམར་གསོད་བྱས་ཟིན་པར་བཤད་ཡོད་ཀྱང། རྒྱ་དམར་གྱིས་ད་བར་ཁོང་རྣམས་ཤི་གསོན་ཅི་ཡིན་གནས་ཚུལ་གང་ཡང་ཁྱབ་བསྒྲགས་བྱས་མེད་ལ། གལ་ཏེ་ཁོང་རྣམ་པས་གུང་ཁྲན་ཏང་གི་མཁྲེགས་བཟུང་གི་སྲིད་བྱུས་ལས་འགལ་བའི་ནག་ཉེས་བསགས་ཡོད་ཚེ་ད་ནི་ཁྲིམས་ཐག་གཅོད་པའི་དུས་ལ་བབ་ཡོད་ཀྱང། ད་དུང་ཁྲིམས་ཐག་མ་བཅད་པ་འདིས་ཁོང་རྣམས་ཤི་གསོན་ཅི་ཡིན་དེ་ལས་དོགས་པ་ཆེ་རུ་སོང་ཡོད་པ་རེད།
སྤྲུལ་སྐུ་བློ་བཟང་བསྟན་འཛིན་ནི་དགུང་ལོ་ ༤༠ ལྷག་ལ་སོན་ཡོད་པ་དང་། ཡབ་པད་མཁྱེན་དང་ཡུམ་མགོན་པོ་ལྷ་མོ་གཉིས་ཀྱི་སྲས་སུ་བྲག་མགོ་དཔེ་མེད་སྒང་གྲོང་ཚོ་རུ་འཁྲུངས་ཤིང་ནར་སོན་པ་དང་གསེར་རྟ་བླ་རུང་ཆོས་སྒར་དུ་ཞུགས། དེ་རྗེས་སྒོ་ཆེན་དགོན་པའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་དགོན་དེར་བཤད་གྲྭ་དང་སྒྲུབ་གྲྭ་གསར་འཛུག་དང་དགོན་པའི་འདུ་ཁང་གསར་རྒྱག་བྱས་པ་སོགས་བསྟན་པའི་བྱ་བར་ལས་དོན་སྒྲུབ་མུས་སུ་མཆིས། ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོ་མི་མང་གིས་ཞི་བའི་ཡར་ལངས་བྱས་པའི་ཉིན་ཤས་རྗེས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར།
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ ༡༩༧༠ ལོར་བྲག་མགོའི་ཆུ་དབར་གྲོང་དུ་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭར་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་བརྩོན་བྱས། ཕྱི་ལོ་༡༩༨༧ ལོར་རྒྱ་གར་ལ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགོན་དེའི་སློབ་གྲྭ་སོགས་ནས་ནང་དོན་རིག་པ་དང་དབྱིན་བོད་ཧིན་གསུམ་ལ་སྦྱང་པ་གནང་། ༡༩༩༤ ལོར་རྡ་སའི་རིགས་སློབ་ཏུ་ཕེབས་ཏེ་རིས་མེད་ཆོས་རྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་ཐོག་སློབ་གཉེར་ཁང་དེ་ནས་རིས་མེད་སློབ་དཔོན་ཀྱི་མཚན་རྟགས་བཞེས། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག ཕྱི་ལོ ༢༠༡༡ ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་མགོ་དགོན་པའི་སློབ་དགེ་ཡི་ཐུགས་འགན་བཞེས། ཕྱི་ལོ ༢༠༡༢ ཟླ ༡ ཚེས་༢༣ ཉིན་བྲག་མགོའི་མིང་མང་གིས་ཞི་རྒོལ་བྱས་པའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཆར་གར་ཡོད་ཆ་མེད་དུ་གྱུར།
ཚོང་པ་འཕྲིན་ལས་ནི་རང་ལོ་ ༤༢ ཙམ་ཡིན་པ་དང་། ཕ་ཁམས་ཐར་དང་མ་ལྷ་སྐྱིད་གཉིས་སུ་བྲག་མགོ་རྦ་དག་གྲོང་དུ་སྐྱེས། ཆུང་དུས་སློབ་ཆུང་འགྲིམས་ཤིང་དེ་རྗེས་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས། ལོ་ཤས་སྔོན་དུ་བྲག་མགོ་དགོན་པའི་ཕྱག་མཛོད་ཀྱི་འགན་བཞེས་ཤིང། ད་སྐབས་དགོན་པའི་ཚོང་ལས་གཉེར་མུས་ལ། ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོ་མི་མང་གིས་ཞི་རྒོལ་བྱས་པའི་ཉིན་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར།
རྩིས་པ་དགྲ་ལྷ་ནི། རང་ལོ་༣༡ ཡིན་པ་དང། མིང་གཞན་ལ་བཀྲ་ཤིས་སྟོབས་རྒྱལ་ཟེར་གྱི་ཡོད་པ་རེད། ཁོང་ཕ་དཔལ་ལྡན་རྡོ་རྗེ་དང་མ་ཚུལ་ཁྲིམས་སྒྲོལ་མ་གཉིས་སུ་བྲག་མགོ་དགོན་སར་གྲོང་དུ་སྐྱེས། ཕྱི་ལོ ༢༠༠༠ ལོར་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཤིང་དགོན་པའི་སློབ་གྲྭར་ལོ་ལྔ་ལྷག་འགྲིམས་ཏེ་དགོན་པའི་རྩིས་པ་དང་དྲུང་ཡིག་གི་ལས་དོན་སྒྲུབ་མུས་ཐོག ཕྱི་ལོ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོའི་མི་མང་གིས་ཞི་བའི་ཡར་ལངས་བྱས་པའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར།