མནའ་མ་དང་མག་པ།

བོད་རྒྱལ་སྲོང་བཙན་སྒོམ་པོའི་སྐབས་སུ་ཨ་ཅག་རྒྱ་བཟའ་ཀོང་ཇོ་མནའ་མ་བསུས་པ་དང་༧གོང་ས་ཏ་ལའི་བླ་མའི་སྐབས་སུ་དམག་དཔོན་མའོ་མག་པ་བསླེབས་པ་རེད།

ཨ་ཅག་རྒྱ་ཀོང་ཇོ་བོད་ལ་མནའ་མ་ཡོང་འདོད་མེད་བཞིན་དུ་བོད་རྒྱལ་སྲོང་བཙན་སྒོམ་པོས་བཙན་ལེན་བྱས་པར་རེད། དམག་དཔོན་མའོ་ཚན་ཏང་བོད་ལ་མག་པ་ཡོང་བ་ནི་ཁོ་རང་རང་གིས་འདོད་པ་ཡོད་བཞིན་དུ་བོད་ལ་མག་པ་བཙན་འཛུལ་བྱས་པ་རེད། ༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་ལ་ཆང་སའི་པ་སི་གྲོས་མཐུན་དོན་ཚན་ཅུ་བདུན་བཙན་དབང་ཐོག་ནས་བཞག་བཅུག་པ་རེད། དེ་ནས་མག་པ་མའོ་ཡིས་གསུངས་དོན་དུ། བོད་མི་རིགས་འདི་ཀླ་ཀློ་དང་རྗེས་ལུས། བཀའ་བཀོད་རྒྱུད་འཛིན་གྱི་ཕྲན་གཡོག་ཞིང་ཕྲན་ལམ་ལུགས་ཆེས་མུན་ནག་ཆེ་བའི་སྤྱི་ཚོགས་རེད་འདུག་པས་སྒྱུར་བཅོས་བྱ་དགོས་ཅེས་བསྒྲགས་པ་རེད།

བསྒྲགས་གཏམ་དེའི་ནང་དུ་སྐྱེ་བོ་འབྱོར་མེད་ཀུན་གྱི་ཡིད་དབང་འཕྲོག་ཐུབ་པའི་གནད་དོན་མང་པོ་ཞིག་ཡོད་པ་རེད། དེ་ནི་སྤྲང་ཕྱུག་འདྲ་མཉམ་དང་གོ་ཐོབ་འདྲ་མཉམ་བཅས་ཡོང་གི་རེད་ཅེས་པའི་ཚིག་སྙན་མོ་དེ་དག་ཡིན་པ་རེད། སྤྲང་ཕྱུག་འདྲ་མཉམ་བྱེད་ཀྱི་ཡིན་ཟེར་ནས་བོད་ཀྱི་ས་གནས་ས་ཐོག་གི་ཕྱུག་པོ་ཏོག་ཙམ་ཡོད་པ་ཚོའི་ཕ་ཁང་དང་རྒྱུ་ནོར་ཡོད་ཚོད་མག་པའི་སྲིད་གཞུང་གིས་གོང་ལེན་བྱས་ནས་སྤྱི་རྒྱུ་ཆགས་སོང་བ་རེད། སྐབས་དེ་དུས་མཉམ་ལས་ཟེར་བ་འགོ་འཛུགས་པ་དང་བོད་མི་ཡོངས་རྫོགས་ལས་ཀ་མཉམ་དུ་ལས་ས་ཞིག་དང་རུ་ཁག་རུ་ཁག་བྱས་ནས་སྟངས་འཛིན་བྱེད་བདེ་ཞིག་གི་སྒྲིག་གཞི་ཡོད་པ་རེད། 

མག་པ་མའོ་ཡིས་སྒྱུར་བཅོས་བྱེད་ཡོང་དུས་སྔོན་གྱི་མི་དྲག་བླ་སྤྲུལ་སོགས་ཚང་མའི་གོ་གནས་མེད་པ་བཟོས། ཁྱིམ་ཚང་དེའི་ནང་དུ་འབྱོར་མེད་གྲལ་རིམ་ཟེར་བའི་ཕྱོགས་ཁག་ཞིག་དཔོན་དུ་བསྐུས་པ་རེད། སྐབས་དེ་དུས་་་བོད་མི་དམངས་འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་གཉིས་ཀ་ལ་རང་དབང་སྤུ་ཙམ་མེད་པ་རེད། མག་པའི་སྲིད་གཞུང་གི་ཚེ་གཡོག་ཆགས་སོང་བ་རེད། ལས་ཀ་ལས་དགོས། ཉིན་མཚན་མེད་པར་ལས་ཀ་འགྲོ་དགོས་ཀྱི་རེད། 

ལོ་མཐའ་སླེབས་དུས་སུ་ཟ་འབྲུ་ཟེར་བ་ཞིག་ཏོག་ཙམ་རེ་སྤྲོད་ཀྱི་རེད། སྐབས་དེ་དུས་བོད་ཀྱི་ལུང་པའི་ནང་ལྟོ་གོས་དཀོན་པོ་དང་དཀའ་ངལ་ཧ་ཅང་ཆེ་པོ་ཡོད། བོད་ཀྱི་ཞིང་པའི་མཉམ་ལས་ཀྱིས་འབྲུ་ཁྲལ་དང་འབྲོག་པའི་མཉམ་ལས་ཀྱིས་མར་ཁྲལ་སྤྲོད་དགོས། མག་པའི་སྲིད་གཞུང་ནི་སྤྲང་པོ་སྤྲང་ནག་ཡིན། མུག་གེ་བསླེབས་ནས་མི་མང་ཤི་ཡོད། ༡༩༦༠ནས་བཟུང་བརྒྱད་ཅུ་བརྒྱད་གྲངས་བར་དུ་འབྲུ་ཁྲལ་དང་མར་ཁྲལ་སོགས་སྤྲོད་དགོས་བྱུང་བ་རེད།

 

དེ་ནས་མག་པ་མའོ་ཡང་ཤི་སོང་བ་རེད། ཡིན་ནའང་མུ་མཐུད་ནས་ཏན་ཞོང་ཕིང་གིས་ཁྱིམ་ཚང་གཅིག་ཡིན་དང་གཅིག་ཡིན་ཟེར་ནས་མག་པ་བསྡད་པ་རེད། མག་པ་ཚོས་ང་ཚོའི་བོད་ཚང་ལ་ཀླ་ཀློ་ཡིན་རབས་དང་སྤྲང་པོ་ཡིན་རབས། རྗེས་ལུས་ཡིན་རབས་དང་ཤེས་ཡོན་མེད་རབས་སོགས་ཀྱི་དམའ་འབོད་ཚོད་ལས་བརྒལ་བ་བྱས་ཡོད་ཀྱང་བཟའ་ཚང་ཁ་བྲལ་ཟེར་དུས་གཏན་ནས་ཁས་ལེན་བྱེད་ཀྱི་མེད། འདིས་ཅི་ཞིག་མཚོན་གྱི་ཡོད་དམ་ཞེས་བསམ་བློ་གཏོང་དུས་དེ་འདྲ་བའི་མག་པ་ཚོའི་བརྩེ་བ་དེར་ཧང་སང་ཡ་འདྲ་ཞིག་རེད་་་་ཧཧཧཧ།

 

ཁ་བྲལ་མི་འདོད་པའི་མག་པ་གུན་ཀྲན་ཏང་འདི་བོད་མི་རིགས་ལ་དགའ་བ་མིན་པ་ནི་མག་པ་ཁོ་རང་ཚོས་བཤད་བསྡད་པ་ལྟར་ཀླ་ཀློ་དང་རྗེས་ལུས་ཟེར་འབོད་བསྡད་པ་རེད། ཡིན་ནའང་ཀླ་ཀློག་དང་རྗེས་ལུས་མཉམ་དུ་སྡོད་མི་དགོས་ཁ་ཁར་བྱེད་ཟེར་དུས་སྐད་ངན་ཤོར་ཡོང་གི་རེད། འོ་ན་་་མག་པ་ཁོ་སུ་ལ་སེམས་ཆགས་པ་རེད་ཟེར་ན་བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་སྨན་ལྗོངས། རིན་གོང་ཆེ་བའི་གཏེར་ཁ། དྭངས་ཤིང་གཙང་བའི་ཆུ་བོ། ལ་སོགས་པ་འཛམ་གླིང་ན་རིན་ཐང་བྲལ་བའི་ཐོན་ཁུངས་མང་བས་རྒྱུ་མཚན་གྱི་མག་པ་ཚོས་ཁ་བྲལ་འདོད་རྩ་བ་ནས་མེད་པ་རེད། དེ་གསལ་པོ་རེད་་་མག་པའི་དམིགས་ཡུལ་འདི་རེད།

སྤྱིའི་ཆ་ནས་མག་པ་ཁོ་རང་ཚོས་ཁྱིམ་ཚང་ནང་དུ་དཔལ་འབྱོར་གང་མཚམས་ཡག་པོ་ཆགས་ཚར་བ་རེད། དེ་ཡང་བོད་དང་སོག་པོ་གཉིས་ཀྱི་གཏེར་ཁ་དང་ཐོན་ཁུངས་ཀྱིས་དྲིན་ཡིན་པ་རེད། ཡིན་ནའང་་་དྲིན་བྱས་དྲིན་དུ་མི་གོ་བའི་མག་པས་བོད་སོག་མི་སེར་དམར་གསོད་བཏང་དང་གཏོང་བཞིན་པ་རེད། ད་ནི་ཁ་བྲལ་ན་དགའ་གི་རེད། བརྩེ་བ་དངུལ་ལ་མ་གཏོགས་མི་འདུག  ཁ་བྲལ་ཡ་ཁ་བྲལ། ཟ་མཁན་དང་གསོན་མཁན་གཉིས་དང་ཁ་བྲལ་ཡ། རྡུང་མཁན་དང་ཕུད་མཁན་གཉིས་དང་ཁ་བྲལ་ཡ་་་་བཟའ་ཚང་ཡོང་ཐབས་མི་འདུག