ད་ལྟའི་བཙན་བྱོལ་གཞུང་གི་ཕྱག་ལས་གནང་ཕྱོགས་སྐོར་ལ་གསུང་དོན།

ཟླ་འདིའི་ཚེས་༢༡ ཉིན་བོད་གཞུང་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམ་སྟོབས་རྒྱལ་དང་དྲུང་འཕར་འཆི་ཆེད་རིག་འཛིན་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་ཆེད་གཉེར་གྱི་ཕེབས་ནས་ཉིན་འདིའི་ཞོགས་པ་ཆུ་ཚོད་༨ ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་ཚོར་བཞུགས་མོལ་ཚོགས་འདུ་འཚོགས་རྗེས་ས་གནས་མི་མང་ཡོངས་མཉམ་ཞུགས་ཐོག་ཚོགས་ཆེན་བཅས་རིམ་པའི་མོན་གྷོ་ས་གནས་གཞིས་སྤྱིའི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད་པ་དང་།

 

དེ་ཡང་ཐོག་མར་མོན་གྷོ་ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་ཀྱི་ལས་རིམ་གནང་གྲུབ་རྗེས།   ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམ་སྟོབས་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དང་ལྷག་དོན་ནང་སྲིད་ལས་ཁུངས་ཀྱི་ལས་གཞི་ཁག་དང་འབྲེལ་བའི་བཀའ་སློབ་གནང་དོན།    ང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལ་སླེབས་ནས་ཉིན་ཉི་ཤུ་རྩ་གྲངས་ཞིག་ལས་འགྲོ་གི་ཡོད་པ་མ་རེད་དེ། རྩ་བའི་གནས་རྙིང་པ་ལ་འགྲེལ་བཤད་གསར་བ་རྒྱབ་མི་དགོས་པའི་དཔེ་ལྟར་རེད།   ལོ་བཅོ་ལྔའི་གོང་ལ་ང་ནང་སྲིད་ལས་ཁུངས་སུ་སྡོད་སྐབས་གནས་ཚུལ་གསར་བོ་ཤེས་ཀྱི་ཡོད་རེད།   དེ་རིང་བསྐྱར་དུ་ནང་སྲིད་དྲུང་ཆེའི་འགན་སླེབ་པ་དང་ཆབ་གཅིག་བཙན་བྱོལ་གཞུང་གི་གཞིས་ཆགས་ནང་ནས་མོན་གྷོ་ཊི་འདི་གཞིས་ཆགས་ཆེ་ཤོས་ཞིག་ཆག་ཡོད་པ་རེད།   སོང་ཙང་དེ་རིང་ མ་འོངས་ང་རང་ཚོའི་མཉམ་རུབ་ཀྱི་ཐོག་ལས་དོན་ག་རེ་ག་རེ་ཐོག་ལ་འགན་ཁུར་བཞེས་དགོས་མིན་རྣམ་པ་ཚོ་ལ་གོ་བསྡུར་ཞུ་རུ་འདིར་བཅར་བ་གཅིག་དང་།     བཀའ་བློན་ཁྲི་བ་འདེམས་ཐོན་བྱུང་ནས་མོན་གྷོ་གཞིས་ཆགས་ལ་དམིགས་བསལ་འཚམས་གཟིགས་ལ་ཕེབས་ཐུབ་ཡོད་པ་མ་རེད། དེ་ག་ནང་བཞིན་ནང་སྲིད་བཀའ་བློ་ཡང་ཐོག་མིའི་འཆར་གཞི་བྱས་ན་འདིར་ཕེབས་རྒྱུའི་འཆར་གཞི་ཡོད་དེ།   མཛད་འབྲེལ་དབང་གིས་དམིགས་བསལ་ཆིབས་བསྐྱུར་གནང་ཐུབ་མ་སོང་།   དེ་འདྲ་ཡིན་དུས་ངས་དེ་རིང་བཀའ་བློ་ཁྲི་བ་དང་ནང་སྲིད་བཀའ་བློ་གཉིས་ཀྱི་སྐུ་ཚབ་བྱས་ནས་མང་ཚོགས་ཡོངས་ལ་བོད་གཞུང་བཀའ་ཤག་དང་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་འཚམས་འདྲི་ཞུ་གི་ཡོད་ཅེས་དང་།

 

བཀའ་བློན་ཁྲི་བ་དང་ནང་སྲིད་བཀའ་བློན་གཉིས་དེ་རིང་འདིར་བཅར་མ་ཐུབ་པ་དེ་ཡང་གཞིས་ཆགས་འདི་གནད་འགག་ཆུང་ཆུང་ལ་བརྩིས་བ་དེ་འདྲ་རྩ་བ་ནས་མ་རེད།   ཕྱོགས་གཅིག་ནས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་བཞིན་ཡོད་པ་རེད།   བོད་ནང་ལ་རང་དབང་དང་ཐོབ་ཐང་མེད་པ་མ་ཟད་ད་ལྟའི་ཆར་རྒྱ་གཞུང་གི་དབང་འཛིན་མི་སྣ་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ཡོངས་རྫོགས་རྩ་མེད་བཟོ་རྒྱུའི་ངན་བྱུས་འཐེན་བཞིན་པར་བརྟེན།    བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་སྐུ་ལུས་མཆོད་མེར་ཕུལ་ནས་གནས་སྟངས་ཤིན་ཏུ་ཛ་དྲག་ཆགས་ཀྱི་ཡོད་པ་རེད།   དེ་འདྲ་ཡིན་དུས་ང་རང་ཚོ་བཙན་བྱོལ་ནང་ནས་དམིགས་བསལ་འཕག་འཚག་རྒྱབ་ཡོང་ས་ཤིག་གལ་ཡོད་པ་མ་རེད་དེ།    ཡིན་ན་ཡང་ཕྱི་རྒྱལ་རང་དབང་ཡུལ་གྲུ་ཁག་ལ་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་འཚོར་ཆེད་བཅས་ཀྱི་ཆེད་དུ་ཆིབས་བསྒྱུར་གནང་བ་རེད།

དེ་ཡང་ཟླ་འདིའི་ཚེས་༢༧ ཙམ་ནས་ཁ་ན་ཌའི་ནང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་འཛོམ་ནས་ཚོགས་འདུ་ཚོགས་ཀྱི་ཡོད་པ་རེད། དེ་ཚོའི་སྡིངས་ཆའི་ཐོག་བོད་དོན་ཐོག་གཏམ་བཤད་གནང་ཐུབ་ཀྱི་ཡོད་པ་ཡིན་དུས་དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་འདིར་བཅར་མ་ཐུབ་པའི་གནད་འགག་དེ་འདྲ་ཆགས་ཡོད་པ་རེད་ཅེས་སོགས་གསུངས་སོང་།

 

ང་འདིར་ཡོང་དོན་གཙོ་བོ་མི་མང་གི་འཚོ་གནས་ཐོག་ལ་དཀའ་ངལ་ག་འདྲ་ཡོད་མེད་དང་ནང་སྲིད་ལས་ཁུངས་ཐོག་ནས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་སུ་གཏོང་ཡ་དང་གཞིས་ཆགས་སྲ་བརྟན་གནས་ཐུབ་པ་སོགས་ཀྱི་ལས་གཞི་མང་པོ་ཞིག་འགྲོ་དགོས་ཀྱི་ཡོད་པ་རེད།    གཞིས་ཆགས་འགོ་བཙུགས་ནས་མི་ལོ་ལྔ་བཅུ་ལྷག་གི་བརྒྱུད་རིམ་ནང་ལ་ཆ་མཚོན་པ་ཡིན།   བར་ལམ་ང་ནང་སྲིད་ལས་ཁུངས་ནས་ཐོན་ནས་ལོ་བཅོ་ལྔ་ཆས་པའི་རྗེས།   དེ་རིང་བསྐྱར་དུ་མོན་གྷོར་གཞིས་ཆགས་ཀྱི་གནས་སྟངས་འདི་ལ་བལྟས་ཡོང་དུས་ཁང་པ་གསར་བ་མང་པོ་ཞིག་མཐོངས་ཀྱི་འདུག   སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་ཞིང་ལས་གྱི་ལས་གཞི་དེ་གྲོང་སྡེ་ཁ་ཤས་ནང་ལ་གྲུབ་འབྲས་ག་ལ་གང་མཚམས་ཤིག་མཐོངས་ཀྱིང་འདུག    མི་འབོར་མང་རུ་ཏོག་ཙམ་ཆས་ཡོད་པ་རེད།   དེ་གཉིས་ཙམ་རེད་མ་གཏོགས་གཞན་ཡར་རྒྱས་དང་འགྱུར་བའི་རྣམ་པ་གང་ཡང་མི་འདུག་ལ།  ལྷག་དོན་འཚོ་བའི་སྤྱི་ཕན་གྱི་ལས་གཞི་ཐོག་ལ་མོན་གྷོ་ཌིར་མ་འོངས་བསྐྱར་དུ་ང་ཚོ་བཙན་བྱོལ་དུ་ལོ་ལྔ་བཅུར་སྡོད་དགོས་བྱུང་ན་དགུང་ལོ་བགྲེས་བོ་ཚོ་ནང་བཞིན་གཞིས་ཆགས་འདིའི་ནང་ལ་འཚོ་གནས་ཐུབ་ཀྱི་ཡོད་དམ་མེད་དེ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཏན་ཏན་ཆགས་བསྡད་ཡོད་པ་རེད་ཅེས་སོགས་གསུངས་སོང་།

 

༧གོང་ས་མཆོག་གི་བཀའ་དགོངས་དང་གཞུང་གི་ད་ལྟའི་ཆབ་སྲིད་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གསུང་དོན།

༧སྐྱབས་མགོན་རིན་པོ་ཆེའི་ཕུག་རྒྱང་རིང་པོར་དགོངས་པ་བཞེས་ནས་མ་འོངས་མངོན་གཟིགས་ཀྱི་ཐོག་ལ་རྒྱ་གར་ལས་ལོགས་སུ་བོད་མིའི་གཞིས་སྒར་ཁག་ཕྱོགས་གཅིག་ཏུ་རུབ་རུབ་བྱས་ནས་འཇོག་དགོས་དོན་དེ་བོད་དང་བོད་མིའི་མིང་མ་བརླག་པ་ཙམ་དུ་མ་ཟད་ཁ་འཐོར་དུ་མི་འགྲོ་བ་སོགས་ཕྱོགས་མང་པོ་ལ་གཟིགས་ནས་དེ་ལྟར་སྐུ་ལུས་བསྐྱོན་པ་རེད། ད་ལྟའི་ཆར་ཡང་བོད་ཀྱི་ལོ་རྒྱུས་ནང་ལ་བྱུང་མ་མྱོང་བའི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་༧གོང་ས་མཆོག་གིས་མང་ཚོགས་ཀྱི་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བ་ལ་རྩིས་སྤྲོད་ཟིན་པ་རེད།  དུས་ཚོད་དེ་ཡང་མ་སྔ་མ་ཕྱི་བར་འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་འགྲོས་དང་སྟབས་བསྟུན་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕུལ་བ་ཡིན་ཅེས་གསུང་ཡོད་པ་རེད།  སྤྱིར་བཏང་རྒྱ་ནག་གིས་ངོས་འཛིན་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན།   ༧གོང་ས་མཆོག་ཞལ་བཞུགས་ན་མ་གཏོགས་༧གོང་ས་མཆོག་ཞལ་མ་བཞུག་པའི་དུས་ཚོད་བྱུང་བའི་ཉིན་ནས་བོད་གཞུང་དེ་རྩ་འཐོར་དུ་འགྲོ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།    བཙན་བྱོལ་བོད་གཞུང་དེ་སྲ་བརྟན་ག་ཚོད་ཆགས་ཐུབ་པ་ཡིན་ན་དེ་ཙམ་གྱི་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པ་རེད་ལ།  རྒྱ་གཞུང་གིས་ངོས་ནས་དཔེར་ན་ཉེ་ཆར་མང་ཚོགས་ཀྱི་འོས་འདེམས་བྱས་བཞག་པའི་བཀའ་བློན་ཁྲི་བའི་ལས་དོན་ལམ་ལྷོངས་མི་ཡོང་པ་དང་། བོད་པའི་སྤྱི་ཚོགས་ནང་ཆིག་སྒྲིལ་དང་ཆ་མཐུན་མི་ཡོང་བའི་དོན་དག་ལ་དམིགས་སུ་བཀར་ནས་རྒན་གཞོན་མང་པོ་ཞིག་ལ་སློབ་སྦྱོང་སྤྲད་ནས་བཏང་ཡོད་པ་རེད་ཅེས་གནས་ཚུལ་ཡོད་བསྡད་ཡོད་རེད།  དེ་འདྲ་ཞིག་ཡིན་དུས་ང་རང་ཚོ་བཙན་བྱོལ་བོད་གཞུང་དེ་གྲ་འགྲིག་ཚགས་ཚུད་མཐུས་སྒོ་ཚང་བ་ཞིག་ཡོད་བསྡད་པ་དེ་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ཡིན་པ་ཤེས་པའི་སྒོ་ནས་སྤྱི་ཚོགས་ནང་ཕུ་དཀྲོག་མདའ་དཀྲོག་བཟོ་མཁན་ཡོང་གི་ཡོད་མེད་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

 

མུ་མཐུད་ནས་བཀའ་ཤག་གསར་བའི་ཕྱག་ལས་གནང་ཕྱོགས་སྐོར་ལ་གསུང་དོན།   བཀའ་ཤག་གསར་བའི་ཕྱག་ལས་གནང་ཕྱོགས་ཐོག་ལ་ལྟ་གྲུབ་གསུམ་ཡོད་པ་རེད། དང་པོ་དེ་ཆིག་སྒྲིལ་རེད་ཆིག་སྒྲིལ་གྱི་ནུས་པའི་སྒང་ལ་གསར་བཏོད་ག་རེ་བྱེད་དགོས་མིན་དེ་རེད།  གསར་བཏོད་ཀྱི་ནུས་པའི་ཐོག་ལ་རང་ཁ་རང་གསོ་ཡོང་དགོས་པ་དེ་བཀའ་ཤག་གི་རྩ་བའི་དམིགས་ཡུལ་རེད་ལ། ག་དུས་ཡིན་ན་ང་ཚོའི་མི་ལ་ལག་པ་བཟེད་ནས་སྡོད་དགོས་པའི་གནས་སྟངས་དེ་ང་ཚོ་ཐོག་མ་འདིར་སྐྱབས་བཅོལ་ལ་སླེབ་པའི་སྐབས་སུ་ཛ་དྲག་རེད།   ཉ་ཆུའི་ནང་ནས་བཏོན་པ་ལྟ་བུའི་གནས་སྟངས་རེད་སྐྱོབ་གསོ་དང་རོགས་རམ་ལ་ལག་པ་མི་བཟེད་ཐབས་མེད་རེད།    མི་ལོ་ལྔ་བཅུ་ལྷག་ཆས་ཚར་བ་རེད།  འདས་པའི་གནས་སྟངས་དང་བསྡུར་བ་ཡིན་ན་མི་རེ་ངོ་རེ་ནས་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་སུ་ཏན་ཏན་ཕྱིན་ཡོད་པ་རེད།  འོན་ཀྱང་ད་ལྟའི་ཆར་སོ་ནམ་གཞིས་སྒར་འདིའི་ནང་ཞིང་ལས་བྱེད་ཕྱོགས་དང་དེའི་མཐུན་རྐྱེན་བ་ཕྱུགས་གསོ་སྐྱོང་བྱེད་མཁན་བློ་གསར་གླིང་སྒོ་མང་མ་གཏོགས་ཧ་ལམ་མེད་པའི་ཟོ་འདྲ་བོ་རེད།   ནང་ལ་ལས་ཀ་བྱེད་མི་དགོས་པར་ཕྱུག་པོ་ཆགས་རྒྱུའི་བསམ་བློ་དེ་ཁུར་ནས་བསྡད་པ་ཡིན་ན་ཧ་ཅང་དཀའ་ལས་རེད།     སོ་ནམ་པའི་གཞིས་ཆགས་ཚད་ལྡན་ཞིག་ཆགས་དགོས་ན་དེའི་མཐུན་རྐྱེན་ག་རེ་དགོས་མིན་ཤེས་དགོས་པ་གལ་ཆེན་པོ་རེད་ལ།   མི་མང་མཉམ་འབྲེལ་ལ་བསམ་བློ་བཏང་བ་ཡིན་ན་དེ་བས་ཀྱང་གལ་ཆེན་པོ་རེད།  མཉམ་འབྲེལ་མི་མང་གི་སྲོག་རྩ་ལྟ་བུ་ཆགས་ཡོད་པ་རེད།   མཉམ་འབྲེལ་ཚགས་ཚུད་པོ་དང་སྤུས་དག་པོ་ཡོང་རྒྱུར་མི་མང་གིས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

 

ཡང་གོང་གིས་གཞུང་གི་ས་ཁང་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་བཀའ་སློབ་གནང་དོན།   ད་ལྟ་བར་ས་ཁང་སྒྲིག་གཞི་ཞིག་གཏན་འབེམས་བྱས་ཡོད་པ་རེད།  ཡིན་ན་ཡང་ས་ཁང་སྒྲིག་གཞི་དང་འགལ་འཛོལ་ཆས་པའི་ལས་རིམ་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད།   ཆོག་མི་ཆོག་མང་པོ་ཞིག་སྒྲིག་གཞིའི་ནང་ལ་གསལ་ཡོང་དུས་མ་ཆོག་པ་མང་པོ་ཞིག་ལག་ལེན་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་གཞིས་ཆགས་ནང་ལ་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་མང་པོ་ཞིག་སྤེལ་དགོས་པ་ཡིན་ན་ཡང་དེའི་སྒང་ལ་འགྲོ་མ་ཐུབ་པར་ལྷག་ཡོད་པ་རེད།  ད་དུང་གསར་བཏོད་ཀྱི་བཀག་རྡོར་ཡང་མང་པོ་སོང་ཡོད་པ་རེད།   དེ་ཚོའི་སྒང་ལ་ཆ་བཞག་ནས།   སོ་ནག་གཞིས་ཆགས་ཁག་བཅོ་ལྔའི་ནང་ས་ཁང་ལ་བསྐྱར་བཅོས་གྲོས་གཞི་གྲོས་ཆོད་བྱུང་བ་བཞིན་མི་མང་གི་བསམ་ཤོག་བསྡུ་རུབ་ཀྱི་བཀོད་ཁྱབ་ས་གནས་སོ་སོར་བཏང་ཡོད།  ཕྱི་ཟླ་༦ ་ཚེས་༡༢ ནས་དྷ་སར་ས་གནས་འགོ་འཛིན་ཡོངས་བསྡུ་བསྐོང་གི་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་པ་རེད།  དེའི་སྒང་ས་ཁང་སྒྲིག་གཞི་བསྐྱར་བཅོ་སོགས་ག་རེ་དགོས་མིན་གཞུང་གི་སྲིད་ཇུས་དང་མཐུན་པའི་སྒོ་ནས་ལག་ལེན་བྱེད་ཀྱི་རེད་ཅེས་སོགས་གསུངས་སོང་།

དེའི་རྗེས་སུ་མི་མང་གིས་དོགས་འདྲིར་ལན་འདེབས་དང་གསལ་བཤད་སོགས་ཀྱང་གནང་སོང་།

མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།