འགོ་ཁྲིད་གསར་བརྗེ། བོད་རྒྱ་འབྲེལ་མོལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༤    ཕྱི་ལོ་ ༢༠༡༢/༥/༢
༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཝ་ཤིང་ཊོན་དུ་ཨ་རི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་ཕྱི་ལོ་༢༠༡༢ ཟླ་༤ ཚེས་༢༣ འཁོད་པའི་གསུང་འཕྲིན་ཞིག་བོད་གཞུང་གི་དྲ་རྒྱའི་ནང་བཀོད་འདུག

བོད་ཡིག་ཐོག་ཡོད་པའི་གསུང་འཕྲིན་དེ་སྔ་རྗེས་ཡང་ཡང་བཀླགས་ཀྱང་དོན་དག་གཙོ་བོ་འདི་རེད་བསམ་པ་ཞིག་དང། རྒྱུ་མཚན་འདི་ལ་བརྟེན་ནས་གསུང་འཕྲིན་འདི་གནང་བ་ཡིན་ས་རེད་བསམ་པ་ཞིག་གསལ་པོ་རྟོགས་མ་སོང་། དབྱིན་ཡིག་ནས་ཕབ་བསྒྱུར་བྱས་འདུག་ཀྱང། བརྗོད་གཞི་དང་རྦད་དེ་མི་མཐུན་པ་ཞིག་གཞུང་འབྲེལ་ཐོག་བསྒྱུར་འགོད་བྱེད་མི་སྲིད་པར་བརྟེན། གསུང་འཕྲིན་དེའི་ནང་གི་གནད་དོན་ཁག་ཅིག་གི་ཐོག་གླེང་སློང་བྱ་རྒྱུ་ཡིན།

གསུང་འཕྲིན་དེའི་ནང་“རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་གྲོས་མོལ་མཐའ་མ་དེ་ཕྱི་ལོ་༢༠༡༠ ཕྱི་ཟླ་༡ ནང་པེ་ཅིང་དུ་བྱས་པ་རེད། ངའི་ངོས་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཇི་ཙམ་བྱས་ཀྱང་གྲོས་མོལ་བསྐྱར་མཐུད་བྱུང་ཐུབ་མེད། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་བཞིན་པའི་སྐབས་འདིར་པེ་ཅིང་དང་དྷ་ས་གཉིས་ཀའི་ནང་འགོ་ཁྲིད་ལ་འཕོ་འགྱུར་འགྲོ་བཞིན་ཡོད། ང་རང་སྒེར་གྱི་མཐོང་ཚུལ་ཞུས་ན། རྒྱུ་མཚན་གཞན་ཞིག་གི་ཐོག་ནས་གྲོས་མོལ་བསྐྱར་གསོ་གང་མགྱོགས་ཡོང་རྒྱུའི་རེ་བ་མ་མཐོང།”ཞེས་འབྲེལ་མོལ་མཚམས་ཆད་ནས་ལོ་གཉིས་ལྷག་སོང་ཡང་འབྲེལ་བ་བསྐྱར་མཐུད་གང་མགྱོགས་ཡོང་ཐབས་མེད་པའི་ཕྱོགས་བསྡོམས་བརྒྱབ་འདུག

ཕྱོགས་བསྡོམས་དེ་དངོས་ཡོད་གནས་ཚུལ་ཡིན་པ་དང། རྒྱ་ནག་གཞུང་གི་མཁྲེགས་འཛིན་དེས་དུས་ཡུན་ཇི་ཙམ་འཁྱོལ་ཐུབ་མིན་བཤད་ཚོད་ཐིག་དཀའ་ཡང། བོད་ནང་རང་ལུས་མེར་བསྲེག་གཏོང་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད་པ་དང། རྒྱལ་སྤྱིའི་ཁྱོན་དུ་རྒྱ་ནག་གཞུང་གིས་དེ་དག་༧གོང་ས་མཆོག་དང་བཙན་བྱོལ་བོད་མིས་རྒྱུད་སྐུལ་བྱས་ཚུལ་བརྗོད་བཞིན་པར་བརྟེན། སྐུ་ཚབ་དང་དངོས་སུ་ཐུག་འཕྲད་བྱུང་ན་དེའི་དཔང་རྟགས་དང་རྒྱུ་མཚན་གསལ་པོ་མེད་པ་དང། གནས་སྐབས་རིང་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་བྱས་ནས་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་ཁེ་བཟང་གང་ཡང་མཐོང་གི་མེད་སྟབས། དམིགས་བསལ་སྐུ་ཚབ་ཀྱིས་གསུངས་པ་བཞིན་གྲོས་མོལ་བསྐྱར་གསོ་ཐུབ་ཐབས་མེད།

དེ་ལྟར་མི་ཡོང་བའི་རྒྱུ་མཚན་དུ་“པེ་ཅིང་དང་དྷ་ས་གཉིས་ཀའི་ནང་འགོ་ཁྲིད་ལ་འཕོ་འགྱུར་འགྲོ་བཞིན་ཡོད།”པས་ཡིན་པ་ལྟ་བུ་བཀོད་འདུག  རྒྱ་གཞུང་གི་དཔོན་རིགས་མཁྲེགས་འཛིན་ཅན་ཚོ་ད་དུང་མུ་མཐུད་ཡོད་པས་བོད་རྒྱའི་འབྲེལ་བ་བསྐྱར་མཐུད་ཡོང་ཐུབ་མིན་དང་རྒྱ་གཞུང་གི་འགོ་ཁྲིད་འཕོ་འགྱུར་འགྲོ་བར་རེ་བ་ཡོད་པ་ཞིག་ཧ་ཅང་མཐོང་དཀའ། འོན་ཀྱང་དྷ་སའི་འགོ་ཁྲིད་འཕོ་འགྱུར་བྱུང་བ་ལ་བརྟེན་ནས་བོད་རྒྱའི་འབྲེལ་བ་བསྐྱར་གསོ་མི་ཐུབ་པ་ཞིག་ཏུ་གྱུར་པ་གཏན་ནས་ཡིན་མི་སྲིད། ད་ལྟའི་བཀའ་ཁྲིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་ལན་མང་གསུངས་ཟིན་པ་དམིགས་བསལ་སྐུ་ཚབ་ཀྱི་གསུང་འཕྲིན་དུ་འཁོད་པ་བཞིན་རེད།

གསུང་འཕྲིན་ནང་“༡ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་རྣམ་འགྱུར་སྟོན་ཕྱོགས། ༢ རྒྱ་ནག་གཞུང་གིས་བོད་མིའི་རང་སྐྱོང་གི་གནས་བབས་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས། ༣ ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས། བཅས་ཡིན།” ཞེས་གསུངས་པ་བཞིན། གོང་གསལ་དོན་ཚན་དང་པོ་དང་གཉིས་པ་བོད་རྒྱའི་འབྲེལ་བ་བསྐྱར་མཐུད་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ཡང། དོན་ཚན་གསུམ་པ་ལ་བརྟེན་ནས་བོད་རྒྱའི་འབྲེལ་བ་བསྐྱར་མཐུད་མི་ཐུབ་པ་དང། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་གུ་ཡངས་ཚད་ལྡན་གྱི་སྲིད་བྱུས་འཛིན་མི་ཐུབ་པར་འགྱུར་མི་སྲིད་པ་ལྟ་བུར་མཐོང། དེར་བརྟེན་དམིགས་བསལ་སྐུ་ཚབ་ཀྱི་གསུང་འཕྲིན་དེའི་རྒྱབ་ལྗོངས་རྟོགས་དཀའ་བ་ཞིག་རེད།

གཞན་ཡང་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༡༡ འཁོད་པའི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་དང། གསལ་བསྒྲགས་དེའི་ནང་དོན་དེ་ཡང་དེ་ཙམ་ཁ་གསལ་མེད་པ་དང། བརྗོད་ཚིག་གི་སྔ་ཕྱི་མི་མཚུངས་པ་ལྟ་བུ་གོ་བ་ལོན་དཀའ་བ་ཞིག་འདུག་པ་སོགས་ཀྱིས་རྒྱུ་མཚན་དང་རྒྱབ་ལྗོངས་གསལ་པོ་ཤེས་རྟོགས་དཀའ་བ་དང། ཆབ་སྲིད་ཀྱི་གནད་དོན་ཆེ་ཁག་དང་འབྲེལ་བ་ཡོད་པའི་གསལ་བཤད་དང་གསལ་བསྒྲགས། གསུང་འཕྲིན་གྱི་རིགས་འདི་ལས་ཁ་གསལ་ཙམ་ཡོད་ན། ཀློག་མཁན་རྣམས་ལ་ཐེ་ཚོམ་སྐྱེ་གཞིར་མི་འགྱུར་བ་དང། གནས་ཚུལ་ཁ་གསལ་གཏིང་གསལ་ཤེས་རྟོགས་ཡོང་རྒྱུར་ཕན་ངེས་སུ་མཐོང།།