བེ་རི་རྒྱལ་པོ་གདན་འདྲེན་ཞུ།།
ཆུང་དུས་ཀླུ་གཞིའི་དགེ་གྱི་མདུན་དུ་སློབ་སྦྱོང་བྱས་པའི་དུས་སྐབས་སུ།
རྒྱན་འཇུག་གཉིས་ཀ་བློ་འཛིན་བྱས་དུས་བློ་རིག་བཀྲ་བའི་དཔང་རྟགས་སུ།
ཉིན་མ་རེ་ལ་ཤོག་གྲངས་བཅུ་གཉིས་བློ་འཛིན་ཐུབ་པའི་སྐད་གྲགས་ཡོད།
ཆུང་དུས་མཁས་པའི་མཚན་སྙན་ཐོབ་པའི་བེ་རི་འགྱུར་མེད་ག་ན་སོང་།
གཞོན་དུས་རྒྱ་གའི་ཡུལ་དུ་ཕེབས་ནས་བློ་གསལ་གླིང་གི་ཆོས་སྒོ་ཞུགས།
རྩོམ་པའི་སྙན་ངག་བརྒྱ་ཕྲག་མང་པོ་བཙན་བྱོལ་བོད་མིའི་མིག་མདུན་བཞག
ཁ་བ་རི་པའི་ལོ་རྒྱུས་རི་མོ་དེབ་གཟུགས་བཀོད་ནས་བླ་སྲོག་གསོས།
རྩོམ་པ་པོ་ཡི་མཚན་སྙན་ཐོབ་པའི་བེ་རི་འགྱུར་མེད་ག་ན་སོང་།
རྒད་དུས་དགེ་ལུགས་སྤྱི་འཐུས་བྱས་ནས་གྲོས་འཚོགས་ར་བའི་ཚོགས་སུ་ཞུགས།
རྒྱལ་འཚོང་སྒྲོལ་མས་གྲོས་འཆར་ཁུར་ནས་གྲོས་འཚོགས་ར་བ་གཏོར་ཉོན་མོར།
གྲྭ་རྐྱང་ཉམ་ཆུང་ལན་གསུམ་འབོད་ཞོར་གྲོས་འཚོགས་ར་བའི་ཕྱི་རུ་ཐོན།
རྒད་དུས་སྤྱི་འཐུས་མཚན་སྙན་ཐོབ་པའི་བེ་རི་འགྱུར་མེད་གང་ན་སོང་།
མཐའ་མ་ཁ་བརྡ་དུས་བབ་སོགས་ཀྱི་བོད་ཡིག་དྲ་རྒྱའི་ས་མིག་ནང་།
བེ་རི་འཇིགས་མེད་གདོན་འདྲེ་རེད་ཅེས་བཞག་མཆན་ཆར་ཆར་འབབ་རེད།
དུས་ངན་དྲག་ཆར་རླུང་པོའི་ཁྲོད་ནས་དགེ་ལུགས་སྤྱི་འཐུས་ལས་ཡུན་རྫོགས།
གདོན་འདྲེ་དམར་པོའི་མཚན་སྙན་ཐོབ་པའི་བེ་རི་འཇིགས་མེད་གང་ན་སོང་།
དགེ་རྒན་གཅིག་གི་དགེ་ཕྲུག་མྱངས་བའི་བེ་རི་འགྱུར་མེད་དབང་རྒྱལ་ལགས།
བོད་ཀྱི་བང་ཆེན་དྲ་བའི་ཁོར་ཡུག་ཨ་རོགས་ཁམས་པའི་ཕ་ས་རེད།
ས་ཆ་འདི་ལ་མིང་ཙམ་མེད་པར་བུ་སྡུག་ཅོ་རིའི་སེམས་རེ་སྐྱོ།
མདོ་ཁམས་ཡུལ་གྱི་ཕུ་ནུ་བསམ་ན་ས་ཕྱོགས་འདི་རུ་ཕེབས་རོགས་བྱོས།
རྩོམ་པའི་འབྲི་རྩལ་བདག་ལ་མེད་ཀྱང་ཚིག་གསུམ་གོ་བརྡ་ཨེ་འཕྲད་བལྟ།
རྩོད་པའི་རིག་ལམ་བདག་ལ་མེད་ཀྱང་རྟོག་གེ་རིག་པ་ཨེ་ཤེས་བལྟ།
འཆད་པའི་ལྷ་ཆོས་བདག་ལ་མེད་ཀྱང་གངས་རིའི་ཕ་ཆོས་ཨེ་དྲན་བལྟ།
འཆད་རྩོད་རྩོམ་གསུམ་ལས་སུ་མཁས་པའི་བེ་རི་འཇིགས་མེད་གང་ན་སོང་། ག་པ་ཡོད་དམ། གང་ནས་སོང་ཐལ། ཅི་ཡིན་ནམ། མི་ཡོང་དོན།