༼ངས་ངོ་ཤེས་པའི་ཁྱོད་ནི་ཁྱོད་ཡིན་མི་སྲིད་དེ༽
ངའི་ཕ་མེས་ཚོའི མགྲིན་པ་ལས་རྡོལ་ཡོང་བའི རྫ་ཆུ་བསིལ་མ ཁྱོད་ཀྱི་རླབས་རྒྱུན ཡར་འབྲོག་གཡུ་མཚོ་དང ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་དང་འགྲོགས་ནས མཐའ་ཀླས་པའི་རྩྭ་ཐང་ལ་འཕྲོ་དུས ཁྱོད་ནི་རྡུལ་གྱིས་མ་གོས་པའི་དར་དཀར་དང གཡའ་ཡིས་མ་བསླད་པའི་དངུལ་གཞོང་ཞིག་དང་མཚུངས་པར ཅི་འདྲའི་མཛེས་ཤིང་སྡུག་པ་ལ་ཨང་།
དེ་ནི ཁྱོད་གཞོན་དུས་ཀྱི་ལང་ཚོའི་གཟི་འོད་ཡིན་ལ ཨ་མྱེས་ཚོས་གནའ་གཏམ་གྱི་ཁྲོད་ན་གླེང་གྱིན་པའི ཁྱོད་ཀྱི་གཏམ་རྒྱུད་ཀྱང་རེད ལོ་ཟླ་རིམ་བགྲོད་དང དུས་ཚོད་འགྱུར་འགྲོས ཐ་ན་ཆུ་ཚོད་སྐར་ཆ་རེ་རེ་བཞིན་ཏུ ཁྱོད་ཀྱི་ངོ་གདོང་ནི ཕྱོགས་ཕྱོགས་མཐའ་མཐའ་ནས ཁུར་ཡོང་བའི་ཐལ་རྡུལ་དག་གིས་ཡོངས་སུ་སྦགས་ཟིན་པས ངས་ནི་འདས་སོང་བའི་ཁྱོད་ཀྱི་སྣང་བརྙན་ལ་མགོ་བོ་གླན་ཏེ ཀུ་ཤུ་ལྟར་དམར་བའི་སེམས་པ་འདི་ལག་པས་བསྐྱོར་ནས སང་ཉིན་གྱི་ཁྱོད་ལ་བལྟ་གྱིན་ཡོད ཡིན་ནའང སང་ཉིན་གྱི་ཁྱོད་ནི འཇིགས་རུང་གི་འཕྲང་ལམ་ན་ཟེགས་ལ་ཉེ་བའི འཕྲུལ་འཁོར་ཞིག་དང་འདྲ་བར་མཐོང་བྱུང་བས ཨ་ཙི མ་འོངས་པའི་ཁྱོད་ནི དེ་འདྲའི་འཇིགས་སྐྲག་ཆེ་བ་ལ་ཨང་། ངས་ངོ་ཤེས་པའི་ཁྱོད་དང ད་ལྟའི་ཁྱོད་ནི ནམ་ཡང་ཁྱོད་ཡིན་མི་སྲིད་དེ དེ་ནི་ཤར་ཕྱོགས་པའི་ཁ་ལུད་དང ནུབ་ཕྱོགས་པའི་སྣབས་ལུད་ཀྱིས་བཀང་ཟིན་པའི དོང་ཆུ་ཞིག་ཡིན་པས་སོ