གྲུབ་འབྲས་དང་གཟི་བརྗིད་མེད་པར་དབུ་ལམ་པའི་ལག་འོག་གི་ཚེ་བརྟན་རྡོ་རྗེ།

འདི་ལོའི་སུམ་བཅུའི་དུས་དྲན་ཉིན་རྡ་ས་ནས་མགོ་འཛུགས་ཀྱིས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་ཅན་ཞིག་སྟོན་ཞོར་ཞི་བའི་གོམ་བགྲོད་གནང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལམ་དུ་ཆས་སོང་།      སྐབས་དེ་དུས་སྐྱེལ་མ་དང་ཁ་བཏགས་ཁ་བ་འབབ་འབབ་རེད་ལ།     སྐྱེལ་མའི་ཁྲོད་གཞོན་ལྷན་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱབ་སྐྱོར་གནང་སོང་བ་མ་ཟད་མི་སྒེར་རྒྱབ་སྐྱོར་མེད་མཁན་ཞིག་མེད་པ་ལྟ་བུ་རེད།     དངོས་སུ་སྐྱེལ་མ་ལ་སླེབས་ཐུབ་མཁན་རྣམས་ཀྱི་ཁ་བཏགས་སྒྲོན་པ་དང་མིག་ཆུ་འདོན་པ།    དངོས་སུ་སྐྱེལ་མ་ལ་སླེབས་མ་ཐུབ་པ་ཡིན་ཡང་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱབ་སྐྱོར་མཚོན་ཐབས་རབ་དང་རིམ་པ་བྱས་ཡོད་པ་རེད།    དེ་ནས་ལམ་སྐྱོད་ཀྱི་ལམ་བར་དུ་ཚོགས་སྒེར་མང་པོས་ལྟ་སྐྱོང་དང་ཐུག་འཕྲད་ཞལ་འདེབས་དང་སྐྱེལ་བསུ་སོགས་ཚད་མཐོན་པོ་བྱས་ཀྱང་། 

     བར་ལམ་ཞིག་ནས་ཚེ་རྡོས་ཐོགས་མའི་འཆར་གཞི་ལ་མེད་པའི་རྒྱ་དར་དམར་པོ་ཕྱར་ཞིང་དེ་ཡང་བོད་དར་ཀྱི་ཐོག་ཏུ་ཕྱར་བ་རེད།     འདིའི་ཐད་ལ་གླེང་གཞི་མང་པོ་བྱུང་བ་སྨོས་མེད་ཐོག་ཟམ་གདོང་བླ་མ་དང་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ཆེ་ཁག་ལ་གསར་འགོད་པས་འདིའི་ཐད་ལ་དགོངས་ཚུལ་ཅི་ཡོད་འདྲི་སྐབས།     ཁོང་ཚོའི་ངོས་ནས་རྒྱབ་སྐྱོར་ཡོད་མདོག་མ་སྟོན་པ་མ་ཟད་གསུང་གི་གདངས་ནས་ཅུང་མི་འདོད་པའི་ཉམས་ཐོན་ཡོད་པ་བཀའ་ལན་ཁག་ལ་གཟིགས་དང་གསལ།  བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མགོ་བོ་ལྟ་བུའི་གཞོན་ལྷན་ནས་དགག་རྒྱག་ངོ་རྒོལ་གནང་བ་དང་རྗེས་འབྲེལ་རང་བཙན་ཚོགས་པས་ཀྱང་དེ་མཚུངས་གནང་བ་རེད།    འོན་ཀྱང་རྡ་སའི་ཉོབ་ལུད་ཚོགས་པའམ་དབུ་མའི་ལམ་འགུལ་ཁང་ཟེར་བའི་དཀྲུག་ཚོགས་འདིས།     བྱ་བརྒྱའི་ཁ་ཤར་ལ་གཏད་དུས།    ཕ་ཝང་རྨོག་རྐེའི་ཁ་ནུབ་དུ་སྐོར་བ་ལྟར་རྒྱ་དར་ཕྱར་བ་དེར་རྒྱབ་སྐྱོར་དང་ཡིད་རངས་ཚད་མེད་ཡོད་པ་མ་ཟད་བོད་མི་མང་ནས་ཀྱང་དེར་རྒྱབ་སྐྱོར་དགོས་ཚུལ་གྱི་འབོད་བསྐུལ་ཞིག་ཀྱང་སྤེལ་སོང་།      མཚམས་འདི་འདྲ་ཞིག་ལ་སླེབས་སྐབས་སྔར་གྱི་རྒྱབ་སྐྱོར་ཡོད་པ་ནས་མེད་པ་དང་ཡོད་པ་ཡང་ཆུང་དུ་ཕྱིན་པ་དང་། ཚེ་རྡོས་གོམ་བགྲོད་ལ་ཡང་ལས་འགུལ་ཞིག་གི་རིན་ཐང་ཞིག་ཡོད་པ་ནས་མེད་པར་འགྱུར་བཞིན་ཡོད་པ་རེད།    ཚེ་རྡོའི་ཐོགས་མའི་ཀུན་སློང་དེ་སྐྱོན་མེད་དྭང་གཙང་ཞིག་གི་ངོ་བོར་གནས་ངེས་ཡིན་ཡང་།     ལས་སྟངས་མ་འགྲིགས་པ་ཞིག་གིས་ཀུན་སློང་དཀར་འདོན་མ་ཐུབ་པ་མ་ཟད་ལས་འགུས་གྱི་རིན་ཐང་ཡོངས་སུ་ཉམས་དམས་སུ་བཏང་བས།    ད་ནས་བཟུང་ཚེ་རྡོར་རྒྱལ་གཅེས་པ་ཞེས་པའི་མིང་གི་འབོད་ཐབས་མེད་པ་ཆགས་པ་དང་།     གལ་སྲིད་བལ་དམག་དང་རྒྱ་དམག་གི་ལག་ནས་ཚེ་རྡོའི་སྐུ་སྲོག་ཤོར་བ་ཡིན་ནའང་།   བཙན་བྱོལ་བའི་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་གཟི་བརྗིད་དང་རིན་ཐང་གི་བརྒྱའི་ཆ་དང་སྟོང་གི་ཆ་ཡང་མེད་པར་ཆགས་ཟིན་པ་རེད།    འདི་ལྟར་ཡོད་ཚད་བློས་བཏང་ཡང་ངོ་སོ་དང་རིན་ཐང་གང་ཡང་མེད་པ་འདི་གླིང་ཚ་ཚེ་རྡོའི་འཆར་གཞི་དང་ཞེ་འདོད་རེད་དམ་ཞེས་ན།     དེ་ནི་མ་རེད།     འོན་ཀྱང་འདི་ལྟར་ཆགས་དོན།    རྡ་སའི་ཉོབ་ལུད་ཚོགས་པས་ངན་བསྐུལ་ལོག་ལམ་དུ་བརྫངས་པས་རང་ཚུགས་མི་བརྟན་པའི་གླིང་ཚ་ཚེ་རྡོ་གྲུབ་འབྲས་དང་གཟི་བརྗིད་གང་ཡང་མེད་པའི་ལམ་བུ་འདིར་སྐྱོད་དགོས་བྱུང་བ་རེད།     དེ་ནས་སུས་བྱས་སུས་ལན་ལ་མ་ལྟོས་པར་གླིང་ཚ་ཚེ་རྡོ་བོད་མི་རིགས་ཀྱི་དོན་དུ་སོང་བ་མ་ཡིན་པར།     དབུ་མའི་ལམ་ལས་འགུལ་ཚོགས་པའི་ཆེད་དུ་གོམ་བགྲོད་གནང་བ་ལྟ་བུར་ཆགས་པ་ནི་གསུབ་ཏུ་མེད་པའི་ཕམ་ཉེས་ཤིག་ཅི་ལ་མིན།      མདོར་ན་འདི་ལྟར་འབྱུང་དོན་ནི།    དབུ་མའི་ལམ་ལས་འགུལ་ཚོགས་པའི་བོད་པ་ནང་ཁུལ་དུ་དཀྲུགས་ཤིང་སློང་ཆེད་དང་།     དམར་གཞུང་གི་དམིགས་གསལ་ངོ་སོ་ཞིག་དབུ་ལམ་པའི་ལས་བྱེད་ཚོ་ལ་རག་ཆེད།    གླིང་ཚ་ཚེ་རྡོ་མ་བུ་གསུམ་གྱི་ཚེ་སྲོག་དང་བཅས་པར་དབུ་ལམ་པའི་རྩེད་སྤྱད་ཆགས་པ་རེད།     དེར་རྟེན་མགོ་བོ་གཡོ་འོག་ཏུ་ཚུད་པའི་གླི་ཚ་མ་བུ་གསུམ་ལ་ཤས་མི་བཟོད་པའི་སྙིང་རྗེ་དང་གདུང་སེམས་མཉམ་བསྐྱེད་ཡོད་ཐོག     དབུ་མའི་ལམ་ལས་འགུལ་ཚོགས་པར་རེ་བསྐུལ་ཞུ་རྒྱུ།    གླིང་ཚ་ཚེ་རྡོའི་ལས་འགུལ་འདི་རྒྱུད་ཁྱེད་ཚོ་ལ་དགོས་པའི་དམིགས་གསལ་ངོ་ཆེན་སོགས་རག་ཏུ་ཡོད་མེད་གང་ལྟར་ཡང་།      ཁྱེད་ཚོའི་འཆར་གཞི་དང་ལམ་སྟོན་གྱི་རྒྱ་ལས་མ་བརྒལ་བར་གོམ་བགྲོད་གནང་བ་རེད།    ད་ནི་བལ་དམག་གི་བཙོན་འོག་ཏུ་དཀའ་སྡུག་མྱང་རྒྱུ་ཡིན་པ་ཤེས་གསལ་ལྟར།     གང་ཅིའི་ཐད་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུ་བསྙེལ་མེད་ལས་བདག་མེད་ཡན་གར་དུ་ཁོང་མ་བུ་གསུམ་མི་འབོར་བ་མཁྱེན་མཁྱེན།